མཚོ་སྔོན་གྱིས་གྲང་གཤིས་ཆེ་བའི་ཆུར་གནས་ཉ་རིགས་ཀྱི་ཐོན་ལས་གཉེར་ལུགས་གང་མགྱོགས་ཅི་མགྱོགས་ཀྱིས་ལེགས་སྒྱུར་བྱས་པ།

ཉེ་ལམ་མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་ཞིང་གྲོང་ཐིང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐིང་། རང་བྱུང་ཐོན་ཁུངས་ཐིང་། བཅོས་སྒྱུར་གོང་སྤེལ་ཨུ་ལྷན། ནོར་སྲིད་ཐིང་སོགས་སྡེ་ཚན་གྱིས་ཉ་རིགས་གསོ་སྤེལ་གྱི་བར་སྟོང་བཀོལ་སྒྲིག་གྲལ་དག་པོ་བཟོ་བ་དང་། གསོ་སྤེལ་བྱེད་ཐབས་དང་བྱེད་ལུགས་འཕྲལ་མར་ལེགས་སྒྱུར། གསོ་སྤེལ་གྱི་ཆུ་སྙིགས་དང་བཙོག་རོ་གཙང་འབུད་ལ་བཅོས་སྐྱོང་། ཐོན་ལས་མཉམ་སྤེལ་ལ་སྐུལ་འདེད་བཅས་བྱ་ཆེད། 《ལྷད་སྐྱོན་དང་བྲལ་བའི་ཉ་ལས་གསོ་སྤེལ་གང་མགྱོགས་ཅི་མགྱོགས་ཀྱིས་བསྒྲུབ་དགོས་པའི་ལག་བསྟར་ཇུས་གཞི》ཞིག་མཉམ་འབྲེལ་ཐོག་བཏོན་ནས་རང་རེའི་ཞིང་ཆེན་གྱི་ཉ་ལས་གསོ་སྤེལ་ལུགས་སྒྱུར་རིམ་སྤར་བྱ་བ་འཕྲལ་སྒྲུབ་ཐད་བཀོད་སྒྲིག་བརྒྱབ།

《ལྷད་སྐྱོན་དང་བྲལ་བའི་ཉ་ལས་གསོ་སྤེལ་གང་མགྱོགས་ཅི་མགྱོགས་ཀྱིས་བསྒྲུབ་དགོས་པའི་ལག་བསྟར་ཇུས་གཞི》ནང་རང་རེའི་ཞིང་ཆེན་གྱིས་དེང་ཕྱིན་གྱི་དུས་སྐབས་ཤིག་ནང་ཉ་ལས་གོང་སྤེལ་འདི་ལྷད་མེད་སྐྱེ་ལྡན་མངོན་འགྱུར་གྱི་ལས་གཞི་ཉག་ཅིག་ཏུ་རྩིས་ནས་དེའི་འོས་འགན་དང་། དུས་ཚོད། ལམ་ཁྲ། སྒྲུབ་སྟངས་བཅས་གསལ་འབེབས་བྱས་པ་དང་ཆབས་ཅིག་ཏུ་བྱེད་ཐབས་བཅུ་གཏན་ལ་ཕབ་ནས་རང་རེའི་ཞིང་ཆེན་གྱི་ཉ་རིགས་གསོ་སྤེལ་ཐོན་ལས་གཉེར་ལུགས་བཅོས་སྒྱུར་དང་རིམ་སྤར་གྱི་བྱ་བ་ཡོངས་ལ་སྐུལ་འདེད་བཏང་།

ལྷད་སྐྱོན་དང་བྲལ་བའི་ཉ་ལས་གསོ་སྤེལ་གང་མགྱོགས་ཅི་མགྱོགས་ཀྱིས་བསྒྲུབ་དགོས་པའི་ལག་བསྟར་ཇུས་གཞི 》ནང་ད་དུང་གསོ་སྤེལ་གཏན་འགོག་བྱས་པའི་ས་ཁོངས་དང་ས་ཁུལ་ལ་ཁྲིམས་བཞིན་ལྟ་རྟོག་དོ་དམ་བྱ་དགོས་པ་དང་། སྣོད་བཅུད་བདེ་སྲུང་གི་གསོ་སྤེལ་བྱེད་སྟངས་ཆེ་ཆེར་སྤེལ་ནས་གྲངས་ཀ་ཅན་གྱི་ཉ་ལས་དཔེ་སྟོན་བྱེད་ས་གཟུག་དགོས། གསོ་སྤེལ་གྱི་སྙིགས་རོ་དང་བཙོག་རྫས་བསྡུ་རུབ་སོགས་ཁོར་སྲུང་གི་སྒྲིག་གཞི་སྒྲིག་ཆས་རིམ་སྤར་ལེགས་སྒྱུར་བྱས་ནས་ཉ་བྲུན་སོགས་བཙོག་དངོས་ཕྱོགས་བསྡུས་ཐག་གཅོད་ཐུབ་པའི་མ་ལག་གཟུག་དགོས། ཉ་ལས་ཀྱི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་ལྷད་སྐྱོན་མེད་པའི་ངང་ནས་མཉམ་སྤེལ་ཐུབ་པ་བཟོས་ནས་ཆུ་ཐོན་གསོ་སྤེལ་དང་སྤྲོ་གསེང་ཡུལ་སྐོར་ཞབས་ཞུ་གཉིས་མཉམ་སྤེལ་ལ་སྐུལ་འདེད་བྱ་དགོས་པའི་བླང་བྱ་སོགས་བཏོན་ཡོད་པ་རེད།

ཉེ་བའི་ལོ་རིང་ལ། རང་རེའི་ཞིང་ཆེན་གྱིས“སྣོད་བཅུད་སྔོན་སྤེལ་དང་། སྐྱོན་བྲལ་འཕེལ་རྒྱས”ཀྱི་བསམ་བློ་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བྱས་ཏེ། གྲང་གཤིས་ཆེ་བའི་ཆུའི་ཐོན་ཁུངས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་དང་དེར་གནས་པའི་ཉ་རིགས་གསོ་སྤེལ་ཐོན་ལས་ལ་རྒྱབ་སྐྱོར་ཆེན་པོ་བྱས། “ཚན་རིག་དང་མཐུན་པའི་འཆར་འགོད་བཟོ་དགོས་པ་དང་། གཞི་ཁྱོན་ཆེ་ལ་ཚན་རིག་གི་འདེགས་སྐྱོར་དགོས་པ། སྤུས་ཀར་དང་དོད་དགོས་པ། རྩེ་གྲས་འཁྲིད་སྟོན་དགོས་པ། ཚོང་རྟགས་གྲགས་ཅན་བཟོ་དགོས་པཅས་ཀྱི་བླང་བྱ་གཞིར་བཟུང་ནས་གྲང་གཤིས་ཆེ་བའི་ཆུར་གནས་ཉ་རིགས་གསོ་སྤེལ་ཐོན་ལས་གཉེར་ལུགས་བཅོས་སྒྱུར་དང་རིམ་སྤར་བྱ་བ་ཡོངས་གང་མགྱོགས་ཅི་མགྱོགས་ཀྱིས་བསྒྲུབས་ཏེ། རྒྱལ་ཡོངས་ཀྱི་གྲང་གཤིས་ཆུར་གནས་ཉ་རིགས་ཐོན་ལས་ཀྱི་སྐྱེ་ཁམས་ལྷད་མེད་བཟོ་བ་དང་། གསོ་སྤེལ་ལྷད་མེད་ཡིན་པའི་མ་དཔེ་རྟེན་གཞི་བཟོས་པས། ཉ་ལས་ཀྱི་དཔལ་འབྱོར་གོང་སྤེལ་ཅུང་མགྱོགས་ལ་གཏན་འཇགས་ཡིན་པ་སྤྱི་དང་། ནང་སྒོས་སུ་རྨ་ཆུའི་རྒྱུད་ཀྱི་གྲང་གཤིས་ཆུར་གནས་ཉ་ལས་གསོ་སྤེལ་འཕེལ་ཚད་ཧ་ཅང་མྱུར་ལ་གསོ་སྤེལ་གྱི་སྤུས་ལེགས་ཚད95%ཡན་ལ་བསླེབས་ཡོད་པ་མ་ཟད། ཚལ་རྔ་འགག་ནས་སོ་ཀྲི་ཆུ་མཚོད་བར་གྱི་ཉ་གསོ་དྲ་སྒམ་ཐོན་ལས་ཁུལ་གཞི་རྩའི་ཐོག་གྲུབ། 2018ལོར་ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་ཐོན་འབོར་ཏུན་ཁྲི1.7ལ་བསླེབས་ཡོད་པ་དང་། ཀུའེ་ཙུན་ཉ་རིགས་ཐོན་འབོར་གྱི་ཚད་རྒྱལ་ཡོངས་མངའ་ཁོངས་ཀྱི་ཉ་རིགས་འདིའི་ཐོན་འབོར་གྱི་སུམ་ཆའི་གཅིག་ཟིན་པ་རེད།

ད་ལོ་ནས་བཟུང་། རང་རེའི་ཞིང་ཆེན་གྱིས་འབྲེལ་ཡོད་འཆར་འགོད་དང་སྲིད་ཇུས། ཞིབ་འཇུག་གཏན་འབེབས་ཀྱི་གོམ་ཁ་ཇེ་མགྱོགས་སུ་བཏང་ནས་གྲང་གཤིས་ཆེ་བའི་ཆུར་གནས་ཉ་རིགས་ཀྱི་ཐོན་ལས་གཉེར་ལུགས་ལེགས་སྒྱུར་དང་རིམ་སྤར་གྱི་“གནས་ཐིག་གཏན་འཁེལ”བྱས། ཟླ་གཉིས་པའི་ཟླ་མགོར། ཞིང་ཆེན་སྲིད་གཞུང་གིས《མཚོ་སྔོན་ཞིང་ཆེན་ཆུ་བོ་འབབ་རྒྱུད་དང་མཚོ་མཚེའི་ཉེ་འཁོར་གྱི་ཉ་རིགས་གསོ་སྤེལ་འཆར་འགོད(2019-2030ལོ)》ལ་ཆོག་མཆན་སྤྲད་ནས་ཁྱབ་སྒྲོག་བྱས། བསམ་འཆར་ནང་ཞིང་ཆེན་ཡོངས་ཀྱི་ཆུ་བོ་འབབ་རྒྱུད་དང་མཚོ་མཚེའུ་འགྲམ་ངོགས་ཀྱི་ཉ་གསོ་གཏན་འགོག་ཁུལ་དང་། ཚད་བཀག་ཁུལ། གསོ་སྤེལ་ཁུལ་བཅས་ཀྱི་དབྱེ་མཚམས་གསལ་བོར་ཕྱེས་ཡོད་པ་མ་ཟད། རྨ་ཆུ་འབབ་རྒྱུད་ཀྱི་ཉ་ལས་གསོ་ཚགས་ཀྱི་རྒྱ་ཁྱོན་དང་། ཤོང་ཚད་བཅས་ལ་ཚད་གཞི་བཏོན་ཡོད་པས། རང་ཞིང་གི་གྲང་གཤིས་ཆུར་གནས་ཉ་རིགས་གསོ་སྤེལ་ཐོན་ལས་གོང་སྤེལ་སྲིད་ཇུས་ཀྱི་གཞི་འཛིན་ས་ལྟ་བུར་གྱུར་ཡོད་པ་རེད།

དེ་དང་ཆབས་ཅིག་ཏུ། ཞིང་ཆེན་ཞིང་ལས་ཞིང་གྲོང་ཐིང་གིས《མཚོ་སྔོན་ཞིང་ཆེན་ཆུ་སྐྱེས་སྨྱུ་གུ་རིགས་ཐོན་སྐྱེད་བྱེད་སའི་རིམས་འགོག་ཞིབ་བཤེར་བྱ་བའི་ཚོད་ལྟའི་ཇུས་གཞི》དང་། 《ཀུའེ་ཙུང་ཉའི་འགོས་ནད་རང་བཞིན་གྱི་ཁྲག་བཟོ་ནུས་པ་ཉམས་པའི་ནད་གྱི་མྱུར་བསྟུན་ཐག་གཅོད་ཚད་གཞི》བཅས་གཅིག་རྗེས་གཅིག་ལ་བཏོན་པའི་ཞོར་ལ་ཀུའེ་ཙུང་ཉ་རིགས་གསོ་སྤེལ་ཐོན་ལས་གོང་སྤེལ་སྐོར་གྱི་བྱེད་ཐབས42ལ་བཟོ་བཅོས་བརྒྱབ་ཏེ། ཉ་ལས་གསོ་སྤེལ་དང་ཆུ་བོ་འབབ་རྒྱུད་ཀྱི་ཁོར་ཡུག་ཕན་ཚུན་འཚམ་པོ་ཡོད་པའི་ཐོན་སྐྱེད་བྱེད་སྟངས་ཤིག་གང་མགྱོགས་ཀྱིས་ཆགས་སུ་བཅུག་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།