《མཚོ་སྔོན་ཞིང་ཆེན་གྱི་རིན་གོང་རྩོད་གཞི་འདུམ་འགྲིག་བྱེད་ཐབས》ལག་བསྟར་བྱེད་གྲབས་ཡོད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10ཚེས1ཉིན་ནས་བཟུང་རང་རེའི་ཞིང་ཆེན་གྱིས་རིན་གོང་རྩོད་གཞི་འདུམ་འགྲིག་ཕྱོགས་ལ་བཏོན་པའི་ཞིང་ཆེན་རིམ་པའི་སྲིད་གཞུང་གི་སྒྲིག་སྲོལ་ཐོག་མ《མཚོ་སྔོན་ཞིང་ཆེན་གྱི་རིན་གོང་རྩོད་གཞི་འདུམ་འགྲིག་བྱེད་ཐབས》(གཤམ་ནས《བྱེད་ཐབས》ཞེས་བསྡུས་འབྲི་བྱ་རྒྱུ)དངོས་སུ་ལག་བསྟར་བྱ་རྒྱུ་རེད། ཟླ9ཚེས16ཉིན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཁང་གིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་ཤིང་། ཚོགས་ཐོག་ཏུ་ཞིང་ཆེན་བཅོས་སྒྱུར་གོང་སྤེལ་ཨུ་ལྷན་དང་། ཞིང་ཆེན་ཁྲིམས་འཛིན་ཐིང་གི་འབྲེལ་ཡོད་བློ་མཐུན་གྱིས《བྱེད་ཐབས》དེ་བཏོན་པའི་རྒྱབ་ལྗོངས་དང་ནང་དོན་གཙོ་བོ་སོགས་ངོ་སྤྲོད་གནང་།

རིན་གོང་རྩོད་གཞི་འདུམ་འགྲིག་གི་ལས་འདི་སྤེལ་དོན་ནི་རིན་གོང་དོ་དམ་སྡེ་ཚན་གྱི་དོ་དམ་བྱ་བ་ལྟ་སྐུལ་དོ་དམ་དང་ཞབས་ཞུའི་ཕྱོགས་སུ་བསྒྱུར་བའི་དུས་རབས་གསར་པའི་ནང་གི་བྱེད་ཐབས་གལ་ཆེན་ཞིག་དང་། རིན་གོང་མ་ལག་གི་ལྟ་རྟོག་དོ་དམ་བྱེད་ཕྱོགས་ལེགས་བསྒྱུར་གྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་ལ། སྤྱི་ཚོགས་བཅོས་སྒྱུར་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་བར་ཕན། རིན་གོང་རྩོད་གླེང་འདུམ་འགྲིག་ནི་གཏུག་བཤེར་གྱི་ངོ་བོ་མི་ལྡན་པའི་རྩོད་གཞི་འདུམ་འགྲིག་བྱེད་སྟངས་ཤིག་སྟེ། དེ་ལ་སྤྱི་ཚོགས་ནས་མ་རྩ་མང་པོ་འདོན་མི་དགོས་པར་འདུམ་འགྲིག་ཡག་པོ་བྱེད་ཐུབ་པ་ལག་ལེན་གྱི་སྟེང་ནས་ར་སྤྲོད་བྱུང་ཡོད་ལ་སྤྱི་ཚོགས་ཀྱིས་ཀྱང་ཡི་རང་ཐོབ་ཡོད། ཐེངས་འདིའི《བྱེད་ཐབས》པར་འགྲེམས་ལག་བསྟར་གྱིས་རང་རེའི་ཞིང་ཆེན་གྱི་རིན་གོང་རྩོད་གཞི་འདུམ་འགྲིག་བྱེད་སྟངས་ཚད་ལྡན་དུ་གཏང་བ་དང་། རིན་གོང་རྩོད་གཞི་འདུམ་འགྲིག་བྱ་བ་ཁྲིམས་བཞིན་བྱེད་པ། རྩོད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་འཆམ་མཐུན་བརྟན་རླིང་ཡོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་པ་རེད།

《བྱེད་ཐབས》ནང་རིན་གོང་རྩོད་གཞི་འདུམ་འགྲིག་གི་ནང་དོན་གཙོ་བོ་དང་། ཆ་རྐྱེན། ཁྱབ་ཁོངས། དུས་ཡུན་སོགས་གཏན་ལ་ཕབ་ཡོད་པ་དང་། དེའི་ནང་རྩོད་གཞི་འདུམ་འགྲིག་བྱེད་མཁན་ནི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རིན་གོང་དོ་དམ་སྡེ་ཚན་ཡིན་ལ། སྡེ་ཚན་དེ་དག་གིས་བཏོན་པའི་རིན་གོང་ལ་རྩོད་གཞི་བྱུང་རྩེ། རིན་གོང་ངོས་འཛིན་ལས་ཁུངས་ཀྱིས་རྩོད་གཞི་འདུམ་འགྲིག་གི་འགན་འཁུར་དགོས་ཚུལ་གཏན་འབེབས་བྱས་འདུག འདུམ་འགྲིག་གི་ཆ་རྐྱེན་ལ“རིན་གོང་འདུམ་འགྲིག་ཁྱབ་ཁོངས་སུ་གཏོགས་པ་དང་། རྩོད་གླེང་བྱེད་མཁན་ཕྱོགས་གཉིས་འདུམ་འགྲིག་ལ་མོས་འཐད་ཡོད་པ། རྩོད་གཞིའི་དོན་དག་དེ་ཐད་ཀར་ཕན་གནོད་ལ་འབྲེལ་བ་ཡོད་པ། འདུམ་འགྲིག་གི་རེ་བ་ཆེ་ཞིང་རྒྱུ་མཚན་དང་གཞི་འཛིན་ས་ཡོད་པ”བཅས་ཕྱོགས་བཞི་ཚང་དགོས་པ་བཏོན་འདུག དེ་དང་ཆབས་ཅིག་ཏུ་གཤམ་གྱི་རྩོད་གཞི་རིགས་བརྒྱད་རིན་གོང་རྩོད་གཞི་འདུམ་འགྲིག་གི་ཁྱབ་ཁོངས་སུ་མི་གཏོགས་པ་སྟེ། སྲིད་གཞུང་གིས་རིན་གོང་གཏན་འབེབས་དང་རིན་གོང་ལ་འཁྲིད་སྟོན་བྱེད་པའི་རིགས། ཉེས་དོན་དང་སྲིད་འཛིན་ཁྲིམས་བསྟར་གྱོད་དོན་དང་འབྲེལ་བའི་རྒྱུ་ནོར་གྱི་རིན་གོང་ངོས་འཛིན་རིགས། ཁྲིམས་འགལ་གྱིས་རིན་གོང་གཏན་འབེབས་བྱས་པའི་རིགས། ཁྲིམས་ཐོ་བཀོད་ནས་ཞིབ་བཤེར་དང་ཐག་གཅོད་བྱེད་རིགས། རིན་གོང་གཏུག་བཤེར་ཁྲིམས་ལུགས་ཀྱི་ཁྱབ་ཁོངས་སུ་བླངས་པའི་རིགས། རྒྱལ་ཁབ་ཀྱིས་གཏན་འགོག་བྱས་པའི་ཐོན་སྐྱེད་དང་སྐྱེལ་འདྲེན། ཕྱིར་འཚོང་བྱེད་མི་ཆོག་པའི་དངོས་ཟོག་གམ་བཀག་རྒྱར་ཚུད་པའི་དངོས་ཟོང་ཉོ་སྒྲུབ་བྱས་པའི་རིགས། ཁྲིམས་མིན་སྒྱུ་ཐབས་ལ་བརྟེན་ནས་ཚོང་རྫས་ཉོ་སྒྲུབ་དང་ཞབས་ཞུ་དང་ལེན་བྱས་པའི་རིགས། རིན་གོང་རྩོད་གཞི་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཟིན་པའི་རིགས། འདུམ་གཅོད་དང་ཡང་ན་སྲིད་འཛིན་ནས་བསྐྱར་གྲོས་བྱེད་པ་སོགས་གོ་རིམ་བརྒྱུད་ནས་ཐག་གཅོད་བྱས་པའི་རིགས། ཁྲིམས་བཞིན་རིན་གོང་རྩོད་གཞི་འདུམ་འགྲིག་ལ་མི་གཏོགས་པའི་གནས་ཚུལ་གཞན་དག་བཅས་རིགས་བརྒྱད་གཏན་ལ་ཕབ་འདུག

གཞན《བྱེད་ཐབས》ནང་། རིན་གོང་རྩོད་གཞི་འདུམ་འགྲིག་ཕན་གོ་ཆོད་པ་ཞིག་བསྒྲུབ་དགོས་པའི་རྩ་དོན་གཞིར་བཟུང་ནས་འདུམ་འགྲིག་བྱ་བ་དང་ལེན་བྱས་པའི་ཉིན་ནས་བཟུང་བའི་ཉིན45ནང་འདུམ་འགྲིག་བྱ་བ་བསྒྲུབ་ཚར་དགོས་པ་ཡང་གཏན་ལ་ཕབ་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།