ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་གིས་ཨར་སྐྲུན་ཁྲོད་བྱུང་བའི་དོན་རྐྱེན7ཐེར་འདོན་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་རང་རེའི་ཞིང་ཆེན་གྱི་ཁང་པ་འཛུགས་སྐྲུན་གྱི་ཨར་ལས་ཨར་སྐྲུན་ཁྲོད་བྱུང་བའི་དོན་རྐྱེན7ཐེར་འདོན་བྱས་ཏེ། ཨར་ལས་ཨར་སྐྲུན་ཁྲོད་བདེ་འཇགས་ཀྱི་ཐོན་སྐྱེད་དོ་དམ་ལ་ཤུགས་བསྣན་ནས་ཤི་རྨས་ལ་སོགས་ཀྱི་དོན་རྐྱེན་མི་འབྱུང་བར་འགན་ལེན་བྱ་དགོས་བའི་རེ་བ་བཏོན་པ་རེད།

སྡོད་ཁང་འཛུགས་སྐྲུན་ཐིང་གིས་ཐེར་འདོན་བྱས་པའི་དོན་རྐྱེན་དེ་དག་ནི། 2019ལོའི་ཟླ7ཚེས23ཉིན། མཚོ་སྔོན་མིང་ཀྲེན་བཟོ་བཀོད་བཟོ་སྐྲུན་ཚད་ཡོད་ཀུང་སིས་ཧོར་གྲོང་རྫོང་ཝུ་ཧྲི་གྲོང་རྡལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་རླངས་འཁོར་འཇོག་ས། ཁོར་ཡུག་འཕྲོད་བསྟེན་སྒྲིག་ཆས་ལ་སོགས་བསྐྲུན་པའི་ལས་གཞི་ཁག་དང་པོའི་ཨར་ལས་བྱེད་སར་གློག་གིས་བརྒྱབ་པའི་དོན་རྐྱེན་བྱུང་། 2019ལོའི་ཟླ7ཚེས25ཉིན། ཧྲང་ཝའེ་ལུའུ་ཏེ་ཨར་ལས་བཟོ་སྐྲུན་ཚད་ཡོད་ཀུང་སིས་ཟི་ལིང་གི་ལུའུ་ཏེ་རྒྱལ་ཁབ་ཧྭ་ཏུའུDK2ཡི་ལས་གཞི་ཁག་གཉིས་པའི་ཨར་ལས་བྱེད་སར་མཐོ་ས་ནས་ལྷུང་བའི་དོན་རྐྱེན་བྱུང་། 2019ལོའི་ཟླ8ཚེས2ཉིན། གཅན་ཚ་རྫོང་གི་ཨར་ལས་རྒྱུ་ཆ་ཀུང་སིས་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་གཉིས་པའི་མེ་ཟོན་མེ་འགོག་གི་ཆུ་རྫིང་སྐྲུན་པའི་ཨར་ལས་བྱེད་སར་ས་རྡིབ་པའི་དོན་རྐྱེན་བྱུང་། 2019ལོའི་ཟླ8ཚེས17ཉིན་མཚོ་སྔོན་ཞིན་རུའེ་འཛུགས་སྐྲུན་ལས་གཞི་ཚད་ཡོད་ཀུང་སིས་མདའ་བཞི་རྫོང་བློ་མཐུན་སྐལ་བཟང་དྲན་གསོ་ཁང་བསྐྲུན་སར་མཐོ་ས་ནས་མར་ལྷུང་བའི་དོན་རྐྱེན་བྱུང་། 2019ལོའི་ཟླ9ཚེས2ཉིན་ཀྲུང་ཐིན་ནུབ་བྱང་འཛུགས་སྐྲུན་མ་དངུལ་གཏོང་འཇོག་སྡེ་ཤོག་ཚད་ཡོད་ཀུང་སིས་ཟི་ལིང་གྲོང་ཁྱེར་གླང་ཆེན་གྲོང་ཧའེ་ཧུའུ་སྲང་ལམ་གྱི་ཨར་ལས་བྱེད་སར་ཆུར་ལྷུང་ནས་ཤི་བའི་དོན་རྐྱེན་བྱུང་། 2019ལོའིཟླ9ཚེས3ཉིན། པ་ཏ་རུལ་འགོག་སྒྲིག་སྦྱོར་སྡེ་ཤོག་ཚད་ཡོད་ཀུང་སིས་སྟོང་སྐོར་མཚོ་སྔོན་པའོ་ཧང་ཁུག་བཟོ་ཚད་ཡོད་ཀུང་སིའི་ཁུག་ལས་བཟོ་གྲྭ་རྒྱ་སྐྱེད་པའི་ཨར་སྐྲུན་བྱེད་སར་མཐོ་ས་ནས་རྐང་པ་ཤུད་ནས་ལྷུང་བའི་དོན་རྐྱེན་བྱུང་། 2019ལོའི་ཟླ9ཚེས4ཉིན་ཝུའུ་ཧན་ཧན་ཅི་ཝེ་ཡེ་ཨར་ལས་སྒྲིག་སྦྱོར་བཟོ་སྐྲུན་ཚད་ཡོད་ཀུང་སིས་ཟི་ལིང་གི་ལེ་མོན་ཚོང་ལས་ཀྱི་ཐོག་ཁང(10#楼)ལེགས་སྒྱུར་ལ་ཆེད་ལས་ཀྱིས་འགན་གཙང་ལེན་ཐོག་ཨར་ལས་བྱེད་སྐབས་མཐོ་ས་ནས་མར་ལྷུང་བའི་དོན་རྐྱེན་བྱུང་བ་བཅས་རེད།

《ཐེར་འདོན》གྱི་ནང་དུ། དོན་རྐྱེན་འདི་བདུན་པོ་བྱུང་བ་ནི་ས་ཁུལ་ཁ་ཤས་ཀྱི་ལས་རིགས་ལྟ་རྟོག་གི་འགན་འཁྲི་དང་། གཙོ་གཉེར་ཁེ་ལས་ཀྱི་འགན་འཁྲི་དམ་འཛིན་དོན་འཁྱོལ་མ་བྱས་པས་ལན་པ་མ་ཟད། ཨར་ལས་བྱེད་སའི་བདེ་འཇགས་ལ་ལྟ་རྟོག་དོ་དམ་བྱས་མེད་པ་དང་། བདེ་འཇགས་དོ་དམ་རྙོག་འཛིང་ལྡན་པ། ཁྲིམས་འགལ་སྒྲིག་འགལ་གྱི་ཐོག་ནས་ལས་ཀ་བྱེད་པ། ལས་བཟོ་པའི་བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་ཞན་པ་སོགས་ཀྱི་གནད་དོན་ལ་རག་ལས་པ་ཡིན་ཞེས་བསྟན་འདུག

སྡོད་ཁང་འཛུགས་སྐྲུན་ཐིང་གིས་རིམ་ཁག་འཛུགས་སྐྲུན་སྲིད་འཛིན་གཙོ་སྐྱོང་སྡེ་ཚན་གྱིས་ཆབ་སྲིད་ཀྱི་ངོས་ཐད་ནས་ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་དོན་རྐྱེན་ལས་བསླབ་བྱ་ཟབ་མོ་བླངས་ནས་ཉེན་ཁ་འགོག་སེལ་གནད་ལ་འཁེལ་བ་བསྒྲུབ་སྟེ། བདེ་འཇགས་ཐོན་སྐྱེད་ཀྱི་རྨང་གཞི་ཕྱོགས་ཡོངས་ནས་སྲ་བརྟན་དུ་བཏང་ནས་བདེ་འཇགས་ཐོན་སྐྱེད་ཀྱི་རྩིས་གཞོང་འདི་དམ་སྲུང་བྱ་དགོས་ལ། བདེ་འཇགས་ཐོན་སྐྱེད་ཀྱི་མི་མངོན་ཉེན་ཁར་ཕྱོགས་བསྡུས་ཐོག་ཞིབ་བཤེར་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་དང་གཙོ་གཉེར་ཁེ་ལས་ཀྱི་འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་གཏང་དགོས། ནང་སྒོས་སུ་ཟི་ལིང་གྲོང་ཁྱེར་གྱི་ཁང་པ་རྒྱག་པའི་ཨར་ལས་ཐོན་སྐྱེད་བྱེད་ས་ནི་དོན་རྐྱེན་བ་ཆེས་མང་ས་ཞིག་ཡིན་པས། ཆབ་སྲིད་ཀྱི་མཐོ་ཚད་ནས་བྱེད་ཐབས་གོ་ཆོད་བཏོན་ཏེ། ལས་གཞི་སྐྲུན་སྒང་གི་ལས་ཡུལ་ཡོངས་ཀྱི་ཉེན་ཁའི་ཐད་ཟ་ཟུར་མི་ལྷག་པའི་སྒོ་ནས་གྲལ་བཤེར་བྱ་བ་དང་། མི་མངོན་ཉེན་ཁ་ལེགས་པར་སེལ་ནས་ཐོན་སྐྱེད་བདེ་འཇགས་ཐད་ནས་དོན་རྐྱེན་བྱུང་བར་སྔོན་འགོག་བྱ་དགོས་ཞེས་བླང་བྱ་བཏོན།

ཁོན་ཐར་འཚོས་བསྒྱུར།