རང་རེའི་ཞིང་ཆེན་གྱིས་སློབ་ཆེན་མཐར་ཕྱིན་སློབ་མའི་ཁྱིམ་ཐོའི་ཚད་བཀག་ཕྱོགས་ཡོངས་ནས་གློད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། སློབ་གསོ་ཐིང་། སྤྱི་བདེ་ཐིང་། ནོར་སྲིད་ཐིང་། མི་དམངས་དངུལ་ཁང་ཟི་ལིང་ལྟེ་གནས་ཡན་ལག་དངུལ་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག《ད་སྔའི་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་བྱ་བ་ལེགས་སྒྲུབ་སྐོར་གྱི་བརྡ་སྦྱོར》བཀྲམས་ཏེ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་འཆར་འགོད་ལག་བསྟར་ལ་སྒོ་དུ་མ་ནས་སྐུལ་འདེད་བཏང་སྟེ། རྒྱ་ཆེའི་སློབ་ཆེན་མཐར་ཕྱིན་མའི་ལས་སྒོ་གསར་གཏོད་ལ་རྒྱབ་སྐྱོར་བྱ་དགོས་པ་བསྟན་འདུག

མཐར་ཕྱིན་སློབ་མས་ལས་སྒོ་གསར་གཏོད་ཀྱི་གྲུབ་འབྲས་གཞིར་བཟུང་ནས་ཡོན་གནས་དཔྱད་རྩོམ་གྱི་བགྲོ་གླེང་ལ་ཞུགས་རྒྱུའི་སྙན་སེང་ཞུ་ཆོག

སློབ་ཆེན་མཐར་ཕྱིན་སློབ་མ་གཞི་རིམ་གྱི་ལས་རྐང་དུ་ཞུགས་པར་ཡར་སྐུལ་བྱ་དགོས། མཐུན་རྐྱེན་ཅུང་ཞན་པའི་མཐའ་འཁོབ་ས་ཁུལ་དང་རྫོང་མན་གྱི་གཞི་རིམ་ལས་ཁུངས་སུ་ཞབས་ཞུའི་ལས་ཀ་བསྒྲུབས་ཤིང་། ལས་རྐང་དེ་ནས་ཞབས་ཞུའི་དུས་ཡུན་ལོངས་པ་དང་ཞིབ་བཤེར་གྱི་ཚད་གཞི་ལོངས་ཚེ། ཐད་ཀར་རྟོག་ཞིབ་ཀྱི་ཁོངས་སུ་བླངས་ནས་རྟོག་ཞིབ་བྱས་རྗེས་ལེགས་ཤོས་རྣམས་ཡུལ་དེའི་ཤང་དང་གྲོང་རྡལ་གྱི་དོན་ལས་ལས་ཁུངས་སུ་བཀོད་སྒྲིག་བྱ་རྒྱུ། ལས་རིགས་དང་ལས་སྒོ་གསར་གཏོད་ཀྱི་སློབ་གསོ་ལ་ཤུགས་བསྣན་ཏེ་ཡོན་གནས་ལེན་པའི་དཔྱད་རྩོམ་གྱི་ཚད་གཞི་དང་རེ་བ་སོགས་སྔོན་འགྲོའི་ཆ་རྐྱེན་དང་མཐུན་ཚེ། མཐར་ཕྱིན་སློབ་མ་དག་གིས་རང་གི་ལས་སྒོ་གསར་གཏོད་ཀྱི་གྲུབ་འབྲས་གཞིར་བཟུང་ནས་ཡོན་གནས་དཔྱད་རྩོམ་གྱི་བགྲོ་གླེང་ལ་ཞུགས་རྒྱུའི་སྙན་ཞུ་བརྒྱབ་ཆོག དེ་བཞིན་དུ་ཁེ་ལས་དང་སློབ་གྲྭའི་ཕྱོགས་ནས་སློབ་ཆེན་པའི་ལས་ཞུགས་དང་ལས་རིགས་གསར་གཏོད་ལ་རྒྱབ་སྐྱོར་དང་སྐུལ་མ་བྱེད་པའི་འབྲེལ་ཡོད་བྱེད་ཐབས་བཀོལ་ནས་རྒྱབ་སྐྱོར་བྱེད་དགོས།  

རྒྱལ་ཕྱིར་སློབ་གཉེར་འགྲིམས་རྗེས་ཕྱིར་རྒྱལ་ནང་དུ་ལོག་མཁན་དང་། ཞང་ཀང་དང་ཨོ་མན། ཐེ་ཝན་བཅས་ཀྱི་ན་གཞོན་རྣམས་སྤྱི་གཞུང་གི་ལས་ཞུགས་འཇོན་མིའི་ཞབས་ཞུའི་ཁྱབ་ཁོངས་སུ་ལེན་རྒྱུ།

སློབ་ཆེན་མཐར་ཕྱིན་སློབ་མ་རྣམས་ལ་སྲིད་ཇུས་ཀྱི་གསལ་ཐོ་དང་། ཞབས་ཞུའི་གསལ་ཐོ། ཞབས་ཞུ་ལས་ཁུངས་ཀྱི་འབྲེལ་གཏུག་གསལ་ཐོ་བཅས་བསྐུར་ནས་ཕྱིར་རྒྱལ་ནང་དུ་ལོག་མཁན་ཕྱིར་འགྲིམས་སློབ་མ་དང་། ཞང་ཀང་དང་། ཨོ་མན། ཐེ་ཝན་བཅས་ཀྱི་ན་གཞོན་ཡོངས་སྤྱི་གཞུང་གི་ལས་ཞུགས་འཇོན་མིའི་ཞབས་ཞུའི་ཁྱབ་ཁོངས་སུ་བླངས་ནས་འདྲ་མཉམ་ཐོག་ལས་ཞུགས་ལས་གཏོད་ཐད་ནས་ཞབས་ཞུ་འདོན་རྒྱུ་དང་། མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུ་སྡེ་ཚན་གྱིས་མཐོ་རིམ་མཐར་ཕྱིན་སློབ་མ་རྣམས་ལ་སྤྱི་གཞུང་གི་ལས་ཞུགས་ལས་གཏོད་ཀྱི་ཞབས་ཞུ་འདོན་པའི་ཐད་རྒྱབ་སྐྱོར་བྱས་ནས་མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་རར་གང་མཁོ་གང་དགོས་ཅི་བཞིན་འཇོན་མི་མཁོ་སྤྲོད་ཐུབ་པ་བྱ་དགོས། ཟབ་སྦྱོང་གི་དགོས་མཁོ་ཅན་སློབ་ཆེན་མཐར་ཕྱིན་སློབ་མ་རྣམས་ལས་རིགས་རྩལ་ནུས་མཐོར་འདེགས་གཏོང་བའི་ལས་སྒོའི་ཁྲོད་ལེན་དགོས་པ་མ་ཟད།  ལས་རིགས་སློབ་གྲྭ་དང་བཀོལ་སྤྱོད་རིགས་ཀྱི་དངོས་གཞིའི་སློབ་གྲྭའི་སློབ་མ་དག་གིས་སློབ་གཉེར་དཔང་ཡིག་ལེན་ཞོར་དུ་ལས་རིགས་རྩལ་ནུས་རིགས་ཀྱི་དཔང་ཡིག་རབ་འབྲིང་མང་པོ་ལེན་པར་སྐུལ་མ་གཏང་དགོས། བོད་ཁུལ་གྱི་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ནུས་པ་མཐོར་འདེགས་འཆར་གཞི་ལག་བསྟར་བྱས་ཏེ། བོད་རིགས་རང་སྐྱོང་ཁུལ་དྲུག་ནས་ལས་ཀར་ཞུགས་ཐུབ་མེད་པའི་སློབ་ཆེན་མཐར་ཕྱིན་སློབ་མ་བརྒྱ་སྒྲིག་འཛུགས་ཐོག་བོད་སྐྱོར་ཞིང་ཆེན(གྲོང་ཁྱེར)ལ་སློབ་སྦྱོང་བྱེད་དུ་མངག་རྒྱུ་དང་། སློབ་ཆེན་མཐར་ཕྱིན་སློབ་མའི་གཞི་རིམ་འཚར་ལོངས་འཆར་གཞི་ལག་བསྟར་བྱས་ཏེ། གཞི་རིམ་གྱི་ལས་ཀའི་ཁྲོད་ནས་འཇོན་མིར་གཉོམ་ལག་རྒྱས་སུ་བཅུག་ནས་གཞི་རིམ་འཕེལ་རྒྱས་དང་འཇོན་མི་སྐྱེད་སྲིང་གཉིས་ཀ་སྐྱོང་ཐུབ་པ་བྱ་དགོས།

སློབ་ཆེན་མཐར་ཕྱིན་སློབ་མའི་ཐེམ་ཐོའི་ཚད་བཀག་ཕྱོགས་ཡོངས་ནས་གློད་རྒྱུ། 

སློབ་ཆེན་མཐར་ཕྱིན་སློབ་མ་དང་། ལས་རིགས་སློབ་གྲྭའི་མཐར་ཕྱིན་སློབ་མ། རྒྱལ་ཕྱིར་སློབ་གཉེར་ལ་འགྲིམས་ཏེ་ཕྱིར་རྒྱལ་ནང་དུ་ལོག་མཁན་བཅས་ཀྱི་ཐེམ་ཐོའི་ཚད་བཀག་ཡོངས་ནས་གློད་རྒྱུ་མ་ཟད། སློབ་ཆེན་རང་ངོས་ནས་ཡུལ་དུས་བབ་བསྟུན་གྱི་མཐར་ཕྱིན་ཉམས་རོལ་བྱེད་ཐབས་བཏོན་ནས་འགྲོ་ལུགས་དང་ལུས་ཐང་ཞིབ་བཤེར་སོགས་རྙོག་དྲ་མེད་པ་ཞིག་བཟོ་དགོས།  མི་ཤུགས་ཐོན་ཁུངས་ཁྲོམ་རའི་ཚད་གཞི་གཅིག་གྱུར་བཟོས་ནས་མི་ཤུགས་ཐོན་ཁུངས་དང་ལས་མི་བསྡུ་བའི་གོ་རིམ་ཡོངས་ལ་ལྟ་རྟོག་ནན་མོ་བྱེད་དུ་བཅུག་ནས“བསླུ་བྲིད་ཅན་གྱི་མཚམས་སྦྱོར་བ”དང་། ལས་མི་བསྡུ་བའི་བརྡ་ཐོ་རྫུན་མ། སྒྲིག་ལམ་དང་འགལ་ནས་མཆིན་ནད་ཁ་པར་ཞིབ་བཤེར་བྱེད་པ་ལ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ངན་པ་དང་།  ལས་ཀ་འཚོལ་བ་དང་། ལས་ཞུགས། ལས་གཏོད་བཅས་ཀྱི་མིང་ཐོག་ནས་ཡིད་རྟོན་དངུལ་བུན་ལེན་ཆོག་པའི་བསླུ་བྲིད་དང་བརྒྱུད་འཚོང་།གཡོ་ལེན་ལ་སོགས་པའི་ཁྲིམས་འགལ་ལུགས་མིན་གྱི་ཉེས་བསགས་སྤྱོད་ངན་བཅས་རྡུང་རྡེག་ཚ་ནན་གཏང་དགོས་པ་དང་།  ལས་ཞུགས་གན་རྒྱའི་ནང་དོན་ཚད་ལྡན་དུ་བཏང་སྟེ། སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ཁེ་དབང་ལ་སྲུང་སྐྱོང་བྱ་དགོས།

2020ལོའི་སློབ་ཆེན་མཐར་ཕྱིན་སློབ་མ་ནས་མགོ་བཟུང་སྟེ་རོགས་དངུལ་ཁ་གསབ་དེ་མཐར་ཕྱིན་པའི་ལོ་དེའི་ཟླ་བཅུ་བའི་ཟླ་མཇུག་གི་སྔོན་ལ་སྟེར་རྒྱུ།

ལས་ཞུགས་དང་ལྟ་སྦྱོང་ཁྱབ་ཁོངས་ཇེ་ཆེར་གཏང་བ་དང་། ལྟ་སྐྱོང་གི་རྟེན་གཞི་གསར་འཛུགས། ལྟ་སྦྱོང་ལས་གནས་རྒྱ་བསྐྱེད་བཅས་སུ་བཏང་སྟེ་ལོ་ཧྲིལ་པོར་སློབ་མ600ལས་ཞུགས་ལྟ་སྦྱོང་ལ་སྐུལ་ནས་གསབ་དངུལ་སྟེར་རྒྱུ། རང་རེའི་ཞིང་ཆེན་གྱིས་ད་སྔ་གསབ་དངུལ་ཡོད་པའི་ལས་ཀ་འཚོལ་བ་དང་ལས་རིགས་གསར་གཏོད་བྱེད་མཁན་མཐར་ཕྱིན་སློབ་མ་མ་གཏོགས། འབྲིང་རིམ་ལས་རིགས་སློབ་གྲྭར་(ལག་རྩལ་བཟོ་ལས་སློབ་གྲྭ་ཡང་ཚུད)འགྲིམས་པའི་སློབ་མ་དཀའ་ངལ་ཅན་ལ་ཡང་གསབ་དངུལ་སྟེར་རྒྱུ། 2020ལོའི་མཐར་ཕྱིན་སློབ་མ་རྣམས་ནས་འགོ་བཟུང་སྟེ། གསབ་དངུལ་སྟེར་བའི་དུས་ཚོད་སྔུན་ལ་བསྣུར་ནས་མཐར་ཕྱིན་པའི་ལོ་དེའི་ཟླ་བཅུ་བའི་ཟླ་མཇུག་གི་སྔོན་ལ་གསབ་དངུལ་སྟེར་རྒྱུ། དབུལ་བོའི་ཡིག་ཚགས་ཡོད་པ་དང་། དབང་པོ་སྐྱོན་ཅན་གྱི་མཐར་ཕྱིན་སློབ་མ། དེ་མིན་ལས་ཞུགས་དཀའ་བའི་མི་རིགས་གྲངས་ཉུང་གི་མཐར་ཕྱིན་སློབ་མ། ལས་ཀ་ཤོར་ནས་ཡུན་རིང་སོང་བའི་ན་གཞོན་བཅས་ལ“གཅིག་གིས་གཅིག་འཁྲིད་པའི”འཁྲིད་སྟོན་རོགས་སྐྱོར་བྱས་ནས་ཡོན་ཚད་དང་ནུས་ཚད་ལྟར་ལས་ཞུགས་འཆར་འགོད་བཟོས་ཐོག  དབུལ་ནག་ས་ཁུལ་གྱི་ལས་རྐང་དུ་མངག་ནས་ཕྱོགས་བསྡུས་ཐོག་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་རོགས་བྱ་རྒྱུ།

ཁོན་ཐར་འཚོས་བསྒྱུར།