སངས་རྒྱས་འབུམ་གྱི་ཐང་ག《ལོ་རེས་བཅུ་གཉིས་ཀྱི་སྐྱེས་ལྷ》ཅེས་པར་རྒྱལ་ཁབ་པར་དབང་ཅུའུ་ཡི་པར་དབང་སྲུང་སྐྱོང་ཐོབ་པ།

མཚོ་སྔོན་རིག་གནས་སྒྱུ་རྩལ་དྲ་བའི་འཕྲིན། ཟླ9ཚེས་9ཉིན། གསར་འགོད་པས་རྒྱལ་ཁབ་མི་རིགས་རི་མོ་ཁང་ཐང་གའི་སྒྱུ་རྩལ་ཞིབ་འཇུག་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཐང་གའི་མཚོན་ཚུལ་གྱི་ལོ་རེས་བཅུ་གཉིས་ཀྱི་སྐྱེས་ལྷ་ཟེར་བ་ལེགས་འགྲུབ་འབྱུང་ཉེར་ཡོད་པ་དང་། འཛམ་གླིང་ཁྱོན་གྲངས་ཀ999མ་གཏོགས་འགྲེམ་རྒྱུ་མ་རེད།

རྒྱལ་ཁབ་མི་རིགས་རི་མོ་ཁང་ཐང་གའི་སྒྱུ་རྩལ་ཞིབ་འཇུག་ཁང་གི་ལག་བསྟར་ཡོན་ཀྲང་སངས་རྒྱས་འབུམ་གྱིས་བཤད་རྒྱུར། བརྩམས་ཆོས་དེ་གསར་རྩོམ་བྱས་ནས་ལོ་གཉིས་འགོར་ཡོད་ལ། རང་ཉིད་ཀྱིས་སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་ཐར་ནང་ནས་ལོ་རེས་བཅུ་གཉིས་ཀྱི་ངག་རྒྱུན་སྔོག་འདོན་བྱས་པ་དང་། ཐང་གའི་ཐུན་མོང་མ་ཡིན་པའི་མཚོན་ཚུལ་ཐོག་ནས་མངོན་པར་བྱས་ཡོད། ད་དུང་ལོ་རེས་བཅུ་གཉིས་ཀྱི་ཐང་གའི་བརྩམས་ཆོས་ལ་རྒྱལ་ཁབ་པར་དབང་ཅུའུ་ཡི་པར་དབང་སྲུང་སྐྱོང་ཐོབ་ནས་ཐང་གའི་བརྩམས་ཆོས་ལ་འཛམ་གླིང་ཡོངས་ཀྱི་པར་དབང་སྲུང་སྐྱོང་འཐོབ་རྒྱུ་ཡིན་པ་དང་། དེ་ཡང་བོད་ཀྱི་ཐང་གའི་སྒྱུ་རྩལ་འཛམ་གླིང་ཕྱོགས་སུ་བསྐྱོད་པའི་མཚོན་རྟགས་ཀྱང་རེད་ཟེར། 

སངས་རྒྱས་འབུམ་ད་ལྟ་རྒྱལ་ཁབ་མི་རིགས་རི་མོ་ཁང་ཐང་གའི་སྒྱུ་རྩལ་ཞིབ་འཇུག་ཁང་གི་ལག་བསྟར་ཡོན་ཀྲང་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་མཛེས་རྩལ་པའི་ལས་ཐོབ་བཞེས་ཡོད། ཁོང་རེབ་གོང་སྒྱུ་རྩལ་གྱི་ཕ་ཡུལ་མཚོ་སྔོན་ཞིང་ཆེན་རེབ་གོང་རྫོང་སེང་གེ་གཤོང་གྲོང་ཚོར་སྐྱེས་ཤིང་། ཆུང་དུས་ནས་རེབ་གོང་ས་ཁུལ་གྱི་སྐད་གྲགས་ཅན་གྱི་ལྷ་རིས་པ་རྒྱ་མཚོ་སློབ་དཔོན་ལ་བསྟེན་ནས་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་རི་མོ་དང་འཇིམ་བརྐོས་ལ་སློབ་སྦྱོང་བྱས་པ་རེད། 

བྱི་བའི་ལོ་ཅན་གྱི་སྐྱེས་ལྷ། སྤྱན་རས་གཟིགས།

གླང་ལོ་ཅན་གྱི་སྐྱེས་ལྷ། ནམ་མཁའི་སྙིང་པོ།

སྟག་ལོ་ཅན་གྱི་སྐྱེས་ལྷ། ནམ་མཁའི་སྙིང་པོ།

ཡོས་ལོ་ཅན་གྱི་སྐྱེས་ལྷ། འཇམ་དཔལ་དབྱངས།

འབྲུག་ལོ་ཅན་གྱི་སྐྱེས་ལྷ། ཀུན་ཏུ་བཟང་པོ།

སྦྲུལ་ལོ་ཅན་གྱི་སྐྱེས་ལྷ། ཀུན་ཏུ་བཟང་པོ།

རྟ་ལོ་ཅན་གྱི་སྐྱེས་ལྷ། གསང་བའི་བདག་པོ།

ལུག་ལོ་ཅན་གྱི་སྐྱེས་ལྷ། ཀུན་རིག་རྣམ་པར་སྣང་མཛད།

སྤྲེའུ་ལོ་ཅན་གྱི་སྐྱེས་ལྷ། ཀུན་རིག་རྣམ་པར་སྣང་མཛད།

བྱ་ལོ་ཅན་གྱི་སྐྱེས་ལྷ། མི་གཡོ་བ།

ཁྱི་ལོ་ཅན་གྱི་སྐྱེས་ལྷ། འོད་དཔག་མེད།

ཕག་ལོ་ཅན་གྱི་སྐྱེས་ལྷ། འོད་དཔག་མེད།