མཚོ་སྔོན་གྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་དགའ་སྟོན་ཆེ་མོའི་བདེ་སྲུང་འགན་སྒྲུབ་དམ་བཅའི་ཚོགས་ཆེན་བསྡུས།

ཟླ་དགུ་བའི་ཚེས་བཅུ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱིས་འགྲོས་མཉམ་པའི་སྒོ་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་དགའ་སྟོན་ཆེ་མོའི་བདེ་སྲུང་འགན་སྒྲུབ་དམ་བཅའི་ཚོགས་ཆེན་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་ཞིང་ཆེན་སྤྱི་བདེ་ཐིན་གྱི་བཀོད་འདོམས་ལྟེ་གནས་ཀྱི་སྤྱིའི་བཀོད་འདོམས་པུའུ་ནས་བརྙན་རིས་བརྒྱུད་དེ་ལྟ་ཞིབ་བྱས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་དང་ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་ཆེ་མོ་གཞོན་པ་ངག་དབང་བསོད་ནམས། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱིའི་རུ་ཁག་གི་དམག་སྤྱི་ཆེ་མོ་ལིས་ཙེ་ཡོན་བཅས་ཚོགས་འདུར་ཞུགས། ཧྲིན་ཀྲང་གཞོན་པ་ཝང་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ལིག་ཉིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཞུགས་མི་སྣ་ཡོངས་ལ་འཚམས་འདྲི་བྱས་ནས་ནན་གྱིས་བསྟན་དོན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་དགའ་སྟོན་ཆེ་མོའི་བདེ་སྲུང་ལས་དོན་ནི། མཚོ་སྔོན་གྱི་བརྟན་འཇགས་ནུས་པར་ཕྱོགས་ཡོངས་ནས་ཚོད་བགམ་བྱས་ཡོད། ས་གནས་དང་སྡེ་ཁག་སོ་སོས་ཐོག་མཐའ་བར་གསུམ་ཀུན་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་པ་ལས་གཞན། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་སྟེ། བསམ་བློ་དང་ལག་ལེན་གཉིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་བླང་བྱའི་སྟེང་ནས་གཅིག་གྱུར་ཡོང་བར་བྱེད་དགོས་ཟེར།

ཉིན་དེར་ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར་སོ་སོའི་སྤྱི་བདེ་དང་དྲག་ཆས་ཉེན་རྟོག མེ་གསོད། འཕྲོད་བསྟེན་བདེ་ཐང་སོགས་ལས་ཁུངས་ཀྱི་མི་སྣ་དང་དམངས་དམག་སྟོང་བདུན་ལ་ཉེ་བས་གཟི་བརྗིད་ལྡན་པའི་སྒོ་ནས་དམ་བཅའ་བཞག