རང་ཞིང་གི་ས་ཁུལ་སོ་སོས་རྣམ་པ་མང་པོའི་སྟེང་ནས་དགེ་རྒན་དུས་ཆེན་བསུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ9པའི་ཚེས10ཉིན་ནི་དགེ་རྒན་དུས་ཆེན་ཐེངས་སོ་ལྔ་པ་ཡིན། ད་ལོའི་དགེ་རྒན་དུས་ཆེན་གྱི་བརྗོད་དོན་གཙོ་བོ་ནི“ཀྲུང་གོ་གསར་པའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བ་དང་དུས་རབས་གསར་པའི་དགེ་རྒན་ལ་བརྩི་འཇོག་བྱེད་པའི་སྲོལ་བཟང་དར་སྤེལ་གཏང་བ”ཞེས་པ་དེ་ཡིན་ཞིང་། ཉིན་ཤས་རིང་བསྟུད་མར“གཟབ་རྒྱས། སྤྲོ་སེམས། དངོས་སྒྲུབ། སྟབས་བདེ”བཅས་ཀྱི་རྩ་དོན་གཞིར་བཟུང་ནས། མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་གིས་གཟེངས་བསྟོད་ཚོགས་འདུ་འཚོགས་པ་དང་། མཉམ་སྤྲོའི་ཚོགས་འདུ་འཚོགས་པ། འཚམས་འདྲི་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་རྒྱ་ཆེའི་དགེ་རྒན་ལ་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་དང་དགེ་རྒན་ལ་བརྩི་འཇོག་དང་སློབ་གསོར་མཐོང་ཆེན་བྱ་རྒྱུ་དར་སྤེལ་ཤུགས་ཆེན་བཏང་བ་རེད། 

རང་ཞིང་གིས་ཞིང་ཆེན་ཡོངས་ཀྱི་དཔེ་ཁྲིད་མི་སྐྱོང་གི་དཔེ་བཟང་ཕུལ་བྱུང་དགེ་རྒན་གྱི་གཟེངས་བསྟོད་ཚོགས་འདུ་དང་། ཞིང་ཆེན་རིམ་པའི་དགེ་རྒན་དང་སློབ་གཙོ་གྲགས་ཅན་གཞུང་སྒྲུབ་ཁང་ལ་སྒོ་བྱང་འགེལ་བའི་མཛད་སྒོའི་ཚོགས་ཆེན་འཚོགས། 2019ལོར་དཔྱིད་འདེམས་བྱས་པའི་དཔེ་ཁྲིད་མི་སྐྱོང་དང་ཕུལ་བྱུང་སློབ་སྐྱོར་དགེ་རྒན་གྱི་འཐུས་མི68ལ་གཟེངས་བསྟོད་བྱས་ནས། རྒྱ་ཆེའི་དཔེ་ཁྲིད་མི་སྐྱོང་གི་གཟི་བརྗིད་བསམ་པ་དང་འགན་འཁྲིའི་བསམ་པ་ཆེ་རུ་ཕྱིན་ཡོད། ཁག་དང་པོའི་ལས་དོན་སྤེལ་འགོ་ཚུགས་པའི་སློབ་གྲྭ་འབྲིང་ཆུང་གི་ཞིང་ཆེན་རིམ་པའི་གྲགས་ཅན་དགེ་རྒན་གྱི་སློབ་སྤྱིར་སྒོ་བྱང་སྤྲད་པ་རེད། ས་གནས་ཁག་གིས་དགེ་རྒན་གྲགས་ཅན་སྐོར་འཁྲིད། སློབ་གསོ། བཞུགས་མོལ་སོགས་ཀྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་དང་། སློབ་སྤྱི་གྲགས་ཅན་གྱི་གླེང་སྟེགས་གཉེར་བ། དགེ་རྒན་གྲགས་ཅན་དང་མདོ་འཛིན་པ་སྒྲིག་འཛུགས་བྱས་ནས་དགེ་རྒན་གྲགས་ཅན་འཚར་ལོངས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་པ་རེད། དུས་མཚུངས་སུ་ས་གནས་ཁག་གིས་ཕུལ་བྱུང་དགེ་རྒན་དང་དགེ་རྒན་ཁག་གཅིག་ལ་གཟེངས་བསྟོད་བྱས་པ་རེད། 

“ང་དང་སྤྱི་མཐུན་རྒྱལ་ཁབ་མཉམ་དུ་འཚར”ཅེས་པའི་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་སྤེལ་ནས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་དགེ་སློབ་སྒྲིག་འཛུགས་བྱས་ཏེ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་དུ་བསྟར་བ་དང་། དབུལ་ཐར་འགག་སྒྲོལ་གྱི་ལས་ཀ་ལ་རྒྱལ་ཁ་ལེན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་བསྟར་བ་སོགས་ལ་དམིགས་ནས་གློག་བརྙན་ཐུང་གྲས(བརྙན་ལམ)དང་། སྙན་ངག་མཉམ་འབྲེལ། ཡིག་གཟུགས་རི་མོ། པར་ལེན་བརྩམས་ཆོས། པར་རྙིང་སོགས་ཀྱི་བརྩམས་ཆོས་འཚོལ་བསྡུའི་བྱེད་སྒོ་སྤེལ་བ་རེད། 

དགེ་རྒན་དུས་ཆེན་གྱི་རིང་ལ། རིམ་པ་ཁག་གི་འགོ་ཁྲིད་ཀྱིས་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་དགེ་རྒན་རྒན་གྲས་དང་སློབ་གཙོ་རྒན་གྲས་ལ་ཁམས་འདྲི་གནང་ཞིང་། རིམ་པ་ཁག་གི་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་ཕུལ་བྱུང་སློབ་གསོའི་ཤེས་ལྡན་པ་དང་། ལས་རྐང་དང་པོའི་ཞིང་སྡེའི་དགེ་རྒན། དམིགས་བསལ་ལས་རྐང་གི་དགེ་རྒན། དམངས་སྒྲུབ་དགེ་རྒན་བཅས་ལ་སྐོར་བརྒྱབ། དེ་མིན་རིམ་པ་ཁག་གི་བཟོ་ཚོགས་དང་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་དཀའ་ངལ་ཡོད་པའི་དགེ་རྒན་དང་། གཞུང་དོན་དུ་རང་སྲོག་ཤོར་བའི་ནང་མི་བཅས་ལ་འཚམས་འདྲི་གནང་བ་རེད། 

ལོ་ཙཱ་བ། ཀླུ་མོ།