རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཨེ་ཙིའི་ནད་བཅོས་ཚོད་ལྟའི་ལས་གཞི་རང་ཞིང་དུ་ལག་བསྟར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུའུ་ཡིས་གཙོ་གཉེར་བྱས་པ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པས་གཉེར་འགན་འཁུར་བའི་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུའུ་ཡི་ཨེ་ཙི་ནད་སྨན་བཅོས་ཚོད་ལྟའི་ལས་གཞི་འགོ་ཚུགས་ཚོགས་འདུ་ཟི་ལིང་དུ་འཚོགས་པ་རེད།

ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱིས་ཨེ་ཙེའི་ནད་འགོག་བཅོས་བྱེད་པའི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་བྱ་ཆེད། 2004ལོར་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུའུ་དང་། དེ་སྔའི་འཕྲོད་བསྟེན་པུའུ་དང་། ནོར་སྲིད་པུའུ་ཡིས་ཞིང་ཆེན་ལྔ་རུ་མཉམ་འབྲེལ་ཐོག་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱིས་ཨེ་ཙེའི་ནད་སྨན་བཅོས་བྱེད་པའི་ཚོད་ལྟའི་ལས་གཞི་ལག་བསྟར་བྱས་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་ཆེད་དོན་མ་དངུལ་བཀོད་སྒྲིག་བྱས་ཏེ། ནད་པར་རིན་མེད་སྒོས་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་སྨན་བཅོས་མཁོ་འདོན་བྱས་ཤིང་། ད་བར་ཞིང་ཆེན། གྲོང་ཁྱེར། རང་སྐྱོང་ལྗོངས28བར་རྒྱ་ཆེར་བཏང་ཡོད། 2019ལོར་མཚོ་སྔོན་ཞིང་ཆེན་དེ་གསར་དུ་འཕར་བའི་ཚོད་ལྟའི་ཞིང་ཆེན་ཞིག་ཡིན་པའི་ངོས་ནས་བཤད་ན། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པས་ལས་གཞིའི་འགན་འཁུར་བ་རེད། ལས་གཞི་མཚོ་སྔོན་དུ་ལག་བསྟར་བྱས་རྗེས། མཚོ་སྔོན་ཞིང་ཆེན་གྱི་ཨེ་ཙིའི་ནད་སྨན་བཅོས་བྱ་བར་སྔར་བས་ཤུགས་སྣོན་བརྒྱབ་ནས། ནད་པར་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།

འགོ་ཚུགས་ཚོགས་འདུའི་ཐོག ཀྲུང་གོའི་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་གི་འབུམ་རམས་པ་ཀའོ་གོ་ཅན་དང་། ཧོ་ནན་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོའི་དགེ་རྒན་ཆེ་མོ་བ་ཞུས་ལི་རན་གྱིས་གསོ་རིག་མི་སྣར་རྒྱལ་ནང་གི་ཨེ་ཙེའི་ནད་ཀྱི་གནས་ཚུལ་དང་སྨན་བཅོས་བྱེད་ཐབས་དང་། དེ་བཞིན་ཨེ་ཙེའི་ནད་སྨན་བཅོས་ཚོད་ལྟའི་ལག་བསྟར་བྱེད་སྟངས་སོགས་ཀྱི་ནང་དོན་འཆད་ཁྲིད་བྱས་ཤིང་། ཨེ་ཙེའི་ནད་སྨན་བཅོས་ཚོད་ལྟའི་ལས་གཞིའི་གྲོན་དངུལ་དོ་དམ་དང་བེད་སྤྱོད་བྱ་ཐབས་སོགས་ཀྱི་གནད་དོན་གྲོས་སྡུར་དང་སྤེལ་རེས་བྱས་པ་རེད།

ལོ་ཙཱ་བ། གཡང་སྐྱིད།