ཀྲང་ཞི་མིང་གིས་དགེ་རྒན་དུས་ཆེན་ལ་འཚམས་འདྲི་བྱེད་སྐབས་གཏམ་བཤད་གནང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས10ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། དྲིལ་སྒྲོག་པུའི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཀྲང་ཞི་མིང་ཟི་ལིང་གྲོང་ཁྱེར་སློབ་འབྲིང་བཅུ་གཉིས་པའི་ལས་རྐང་དང་པོའི་དགེ་རྒན་ལ་འཚམས་འདྲི་གནང་བར་ཕེབས་ནས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དུས་ཆེན་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་རེད།

སློབ་གྲྭའི་སྒྲ་ཕབ་ཁང་དུ་ཀྲང་ཤིས་མིང་དང་སྟོང་སྐོར་རྫོང་ཉི་ཟླ་བོད་རིགས་ཡུལ་ཚོའི་ལྟེ་བའི་སློབ་གྲྭའི་སློབ་གཙོ་ཨན་ཧུང་ཐའོ་ཡིས་རྒྱང་ཁྲིད་མཉམ་འགུལ་བྱས་ཏེ། སློབ་ལོ་གསར་པའི་དགེ་རྒན་ཚོའི་སློབ་ཁྲིད་གནས་ཚུལ་རྒྱུས་ལོན་བྱས་པ་རེད། སློབ་གྲྭའི་ནང་བསླབ་པ་རྒན་པའི་དགེ་རྒན་ཀྲའོ་ཧྲི་ཁྲུན་དང་བསམ་བློ་ཀུན་སྤྱོད་སློབ་ཚན་གྱི་སློབ་ཁྲིད་མྱོང་ཚོར་མཉམ་སྤྱོད་བྱས་པ་མ་ཟད། སློབ་མ་ཚོ་དང་མཉམ་དུ་ན་གཞོན་དགེ་རྒན་ཝང་བསོད་ནམས་ཀྱིས་སློབ་ཁྲིད་ལ་ཉན་པ་དང་། དགེ་རྒན་ཚོའི་དཀའ་སྤྱད་ཀྱི་ངལ་རྩོལ་དང་ལས་བཀུར་བྱས་རྗེས་འཇོག་པར་ཐུགས་རྗེ་ཆེ་ཞུས་པ་རེད།

དངོས་ཁམས་སློབ་དཔྱོད་ཁང་དུ་ཀྲང་ཤིས་མིང་གིས་དགེ་རྒན་ཚོ་དང་ལག་འཇུ་བཏང་གནང་ནས་ཁ་བརྡ་བྱས་པ། ཚང་མའི་བློ་རྩ་བརྟན་པོས་གསར་གཏོད་དང་ཁྱད་ཆོས་ལྡན་པའི་སློབ་ཁྲིད་ཀྱི་སྤུས་རྟགས་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་བསྟན། ཕུལ་བྱུང་དགེ་རྒན་ཧུའུ་ཡུན་ལ་གཟིགས་སྐབས་ཁོང་གིས་དེ་གར་ཡོད་པའི་དགེ་རྒན་གྱིས་སློབ་གསོའི་བྱ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། བླ་ན་མེད་པའི་མི་གཤིས་ཀྱི་ཡིད་དབང་འཕྲོག་ཤུགས་ལ་བརྟེན་ནས་སློབ་མའི་གོང་བཀུར་ཐོབ་པ་དང་། མིག་དཔེའི་གཏམ་སྤྱོད་ལ་བརྟེན་ནས་སློབ་མར་མིག་དཔེ་བསྟན་པ། ཕྲུ་གུ་ཚོའི་གཤིས་རྒྱུད་སྦྱོང་བརྡར་དང་། ཤེས་ཡོན་སྦྱོང་བ། མེས་རྒྱལ་ལ་བྱས་རྗེས་འཇོག་པ་བཅས་ཀྱི་ལམ་ཁྲིད་པ་ཞིག་བྱ་དགོས་པའི་ལྕག་སྐུལ་བཏབ་པ་རེད།

དགེ་རྒན་ཧོང་ཆིང་ཧུང་གིས་སློབ་གྲྭའི་དགེ་རྒན་དང་སློབ་གཙོ་གྲགས་ཅན་གྱི་ལས་སྒྲུབ་ཁང་གི་བྱ་བའི་སྤེལ་ཚུལ་ངོ་སྤྲོད་བྱས་པར་ཉན་རྗེས། ཀྲང་ཞི་མིང་གིས་མཚོ་སྔོན་གྱི་འཕེལ་རྒྱས་འགག་རྩ་ནི་འཇོན་མིར་ཐུག་ཡོད། རྩ་བ་ནས་སློབ་གསོར་བརྟེན་དགོས་ལ། ཚོགས་པ་ཅན་གྱི་སློབ་གཉེར་དང་། དགེ་རྒན་དང་སློབ་གཙོ་གྲགས་ཅན་སོགས་ལས་སྟེགས་ཀྱི་དཔེ་སྟོན་ཁྱབ་འགྱེད་ནུས་པ་འདོན་སྤེལ་བྱས་ཏེ། སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཚོ་སྔོན་ལྷོ་རྒྱུད་དང་རྒྱ་ཆེའི་ཞིང་འབྲོག་ཁུལ་དུ་སྣུར་སྲིང་བྱས་ནས་ཞིང་ཆེན་ཡོངས་ཀྱི་སློབ་ཁྲིད་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏང་རྒྱུར་སྐུལ་ཁྲིད་བྱ་དགོས་ཞེས་བཤད། ཁོང་གིས་ད་དུང་ལས་རིགས་གཅིག་པའི་སྡེ་ཚན་དང་ས་གནས་ཀྱི་འགན་འཁུར་བློ་མཐུན་ལ་དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱ་རྒྱུ་དར་སྤེལ་ཤུགས་ཆེན་གཏང་བ། སློབ་གསོའི་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏང་བ། དགེ་རྒན་གྱི་ཐོབ་ཐང་ཟམ་མི་ཆད་པར་མཐོ་རུ་གཏང་བ་བཅས་བྱས་ནས་རྒྱ་ཆེའི་དགེ་རྒན་ཚོའི་གཟི་བརྗིད་མཚན་སྙན་ཆེ་རུ་བཏང་སྟེ། དཔེ་ཁྲིད་མི་སྐྱོང་གི་ལས་གནས་ཐོག སྔར་ལས་ལྷག་པའི་སྒོ་ནས་ཏང་དང་མི་དམངས་ལ་བྱས་རྗེས་གསར་པ་གཞག་དགོས་ཞེས་བསྟན།

ལོ་ཙཱ་བ། གཡང་སྐྱིད།