ཝང་ལི་མིང་གིས་ཞིང་ཆེན་རིམ་པའི་སྡེ་ཚན་གྱི་ནོར་སྲིད་ལྟེ་བའི་ལས་སྒོ་གཞི་གཅིག་ཅན་གྱི་མ་ལག་འཛུགས་སྐྲུན་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་ཐོག་གཏམ་བཤད་གནང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས10ཉིན། ཞིང་ཆེན་རིམ་པའི་སྡེ་ཚན་གྱི་ནོར་སྲིད་ལྟེ་བའི་ལས་སྒོ་གཞི་གཅིག་ཅན་གྱི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏང་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་། ཧྲིན་ཀྲང་གཞོན་པ་ཝང་ལི་མིང་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་བ་རེད།

ཝང་ལི་མིང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཡོངས་ཀྱི་སྔོན་རྩིས་དོ་དམ་བཅོས་སྒྱུར་གྱི་འཕེལ་རིམ་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་ཕྱིན་པ་དང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཚན་ཁག་གིས་འཚོལ་ཞིབ་དང་ལག་ལེན་ཧུར་ཐག་བྱས་པ་བརྒྱུད་དེ།སྔོན་རྩིས་དོ་དམ་བཅོས་སྒྱུར་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ནས་ནོར་སྲིད་དང་ནོར་དོན་གྱི་བྱ་བའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ལ། ནོར་སྲིད་ཀྱི་ལྟེ་བའི་ལས་སྒོ་གཞི་གཅིག་ཅན་ལ་སྐུལ་འདེད་གཏང་རྒྱུ་ནི་ཀྲུང་དབྱང་ནོར་སྲིད་ཀྱིས་རང་ཞིང་ལ་སྤྲད་པའི་ཚོད་ལྟའི་བཅོས་སྒྱུར་གྱི་ལས་འགན་ཞིག་དང་ཆ་འཕྲིན་ཅན་གྱི་བྱ་ཐབས་སྤྱད་དེ། སྔོན་རྩིས་དོ་དམ་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པས། ནོར་སྲིད་ལས་སྒོ་དང་ཆ་འཕྲིན་ལག་རྩལ་མཉམ་འདྲེས་གཏིང་ཟབ་ཐུབ་པ་དང་། སྔོན་རྩིས་དོ་དམ་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏང་རྒྱུར་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་ལྡན་ཡོད་ཅེས་བསྟན།

ཝང་ལི་མིང་གིས་བསྟན་དོན། དེང་སྐབས། ཚོད་ལྟའི་བྱ་བའི་ལས་འགན་ཁ་གསལ་དང་དམིགས་ཚད་ཁ་གསལ་ཡོད། སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་སྔར་བས་གཏིང་ཟབ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ། འགན་འཁྲི་གཙོ་བོ་ལག་བསྟར་ནན་ཏན་བྱེད་པ། ཚོད་ལྟའི་བླང་བྱ་ཁོང་དུ་ཡང་དག་ཆུད་པ་བཅས་བྱས་ཏེ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཚོད་ལྟའི་བྱ་བ་ཁག་ལ་སྐུལ་འདེད་གཏང་དགོས་ལ། མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་དང་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས། མ་ལག་གསར་པ་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་དུས་ཐོག་ཏུ་ཐག་གཅོད་བྱ་དགོས་ལ། ལས་སྒོའི་སློབ་སྦྱོང་ལ་ཤུགས་སྣོན་པ་དང་། ནོར་སྲིད་ཀྱི་ལྟེ་བའི་ལས་སྒོའི་ཤེས་བྱ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། བརྒྱུད་རིམ་ཧྲིལ་པོར་བརྒྱུད་རིམ་ལྡན་པའི་བཀོལ་སྤྱོད་ལ་རྒྱུས་མངའ་ཡོད་པ་བཅས་བྱས་ནས། རྒྱལ་ཡོངས་ནོར་སྲིད་ཀྱིས་མ་ལག་གསར་པ་ཁྱབ་གདལ་གཏང་ཆེད་མཚོ་སྔོན་གྱི་ཉམས་མྱོང་གསོག་འཇོག་ཧུར་ཐག་བྱ་དགོས་ཞེས་བསྟན།

ཝང་ལི་མིང་གིས་སྡེ་ཚན་ཁག་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི“སྲི་ཚགས་ཀྱི་འཚོ་རོལ་བའི”བྱེད་ཐབས་དོན་འཁྱོལ་བྱས་ཏེ། ནོར་སྲིད་ཀྱི་བསགས་འབོར་མ་དངུལ“མེད་པ་གཙང་བཤེར”བྱ་འགུལ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་དང་། སྔོན་རྩིས་ཀྱི་ལས་རྗེས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་གཏོང་ཡོང་གི་འགལ་བ་ནུས་ལྡན་ངང་འཇམ་ལྷོད་དུ་གཏང་དགོས་པའི་བླང་བྱ་བཏོན་པ་རེད།

ནོར་སྲིད་པུའུ་རྒྱལ་མཛོད་སིའི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་ད་དུང་རང་ཞིང་གི་ཚོད་ལྟའི་བྱ་བར་བྱེ་བྲག་གི་བླང་བྱ་བཏོན།

ལོ་ཙཱ་བ། གཡང་སྐྱིད།