རང་རེའི་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་དགེ་རྒན་དང་སློབ་གཙོ་གྲགས་ཅན་སྐོར་དང་པོའི་ལས་སྒྲུབ་ཁང་བཙུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9ཚེས9ཉིན། རང་ཞིང་གིས་ཞིང་ཆེན་རིམ་པའི་དགེ་རྒན་དང་སློབ་གཙོ་གྲགས་ཅན་སྐོར་དང་པོའི་ལས་སྒྲུབ་ཁང་བཙུགས་ནས་སྒོ་བྱང་བཀལ། ལས་སྒྲུབ་ཁང་འཛུགས་དོན་ནི་སློབ་ཁྲིད་ལ་རྐང་བཙུགས་ནས་སློབ་ཁྲིད་ཀྱི་ནུས་པ་དང་ཆུ་ཚད་ཇེ་མཐོ་གཏོང་བ་དང་། དགེ་རྒན་གྱི་ཆེད་ལས་ཡོན་ཚད་ཇེ་རྒྱས་ཇེ་ལེགས་ལ་རྐང་བཙུགས་ནས་སློབ་ཁྲིད་བྱེད་ཐབས་ཐུན་མོང་མ་ཡིན་པའི་རྐང་འཛིན་དགེ་རྒན་སྐོར་ཞིག་སྐྱེད་སྲིང་བྱ་ཆེད་ཡིན་པ་མ་ཟད། དེ་ལ་བརྟེན་ནས་སློབ་གསོའི་སློབ་ཁྲིད་བྱེད་ཕྱོགས་ཇེ་རྒྱས་ཇེ་ལེགས་དང་དགེ་རྒན་འཚར་ལོངས་ཕྱོགས་ལ་དཔེ་སྟོན་དང་སྣེ་འཁྲིད། སྐུལ་འཁྲིད་ཀྱི་ནུས་པ་འདོན་ཕྱིར་ཡང་རེད།

ཞིང་ཆེན་རིམ་པའི་དགེ་རྒན་དང་སློབ་གཙོ་སྙན་གྲགས་ཅན་སྐོར་དང་པོར་ལས་སྒྲུབ་ཁང12བཙུགས་ཤིང་། ལས་སྒྲུབ་ཁང་ཡོད་སའི་སློབ་གྲྭ་དང་ལས་ཁུངས། དོ་དམ་བྱེད་མཁན་སློབ་གསོའི་སྲིད་འཛིན་སྡེ་ཚན་བཅས་ཀྱིས་དེ་ལ་མཐོང་ཆེན་མཛད་དེ། ལས་སྒྲུབ་ཁང་གི་བྱ་བར་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན་ནས་རོགས་རམ་རྒྱབ་སྐྱོར་བྱ་དགོས། ལས་སྒྲུབ་ཁང་སོ་སོའི་གཙོ་སྐྱོང་བས་སྔོན་ཐོན་གྱི་བསམ་བློ་ལ་བརྟེན་ནས་ལས་སྒྲུབ་ཁང་གི་ཁོངས་མི་དང་སློབ་མ། ལྟ་སྦྱོང་སློབ་མ་བཅས་ཀྱི་སློབ་ཁྲིད་ལག་ལེན་ནང་བཞིན་སློབ་འཁྲིད་ལ་ཞིབ་འཇུག་གང་ལེགས་བགྱིས་ཐོག་སློབ་ཁྲིད་ལ་བཅོས་སྒྱུར་བྱས་ཏེ། ལས་སྒྲུབ་ཁང་དེ་སློབ་ཁྲིད་ཞིབ་འཇུག་དང་། ཟབ་སྦྱོང་བཅས་གཅིག་ཏུ་དྲིལ་བའི་དགེ་རྒན་གྱི་ཆེད་ལས་མཐོར་འདེགས་གཏོང་བའི་སྡིངས་ཆ་རུ་འགྱུར་ཐུབ་པ་ཞིག་བཟོ་དགོས་པ་རེད། 

སློབ་འབྲིང་གི་སྐད་ཡིག་དགེ་རྒན་གྲགས་ཅན་གྱི་ལས་སྒྲུབ་ཁང་ནི་འདོད་བློ་མཐུན་པའི་ཁོངས་མི་དྲུག་དང་སློབ་མ་དགུ། ལྟ་སྦྱོང་སློབ་མ་ལྔ་བཅས་ཀྱིས་གྲུབ་པའི་དཔུང་སྡེ་ཞིག་ཡིན། གཙོ་བོ་སྐད་ཡིག་གི་བྱང་ཚད་ལ་ཤུགས་བསྣན་ནས་སློབ་གསོ་སྤུས་ལེགས་བསྒྲུབ་རྒྱུ་ནི་ང་ཚོའི་ཐུན་མོང་གི་བསམ་བློ་ཡིན། ཞེས་སློབ་འབྲིང་གི་སྐད་ཡིག་དགེ་རྒན་གྲགས་ཅན་ལས་སྒྲུབ་ཁང་གི་གཙོ་སྐྱོང་བ། ཟི་ལིང་གྲོང་ཁྱེར་སློབ་འབྲིང་དང་པོའི་དགེ་རྒན་ཀྲང་ཞའོ་ཧུའེ་ཡིས་དེ་སྐད་བརྗོད་བྱུང་།

མཚོ་སྔོན་ཞིང་ཆེན་གྱི་མཐོ་འབྲིང་སྐྱེ་དངོས“ཆི་ཏ་ལིན་དགེ་རྒན་གྲགས་ཅན་ལས་སྒྲུབ་ཁང་”ཡོད་སའི་སློབ་གྲྭ་སྟེ། ཟི་ལིང་གྲོང་ཁྱེར་ཧའེ་ཧུའུ་སློབ་འབྲིང་གི་སློབ་གཙོ་ལི་ཐིན་ཅུན་གྱིས“སློབ་གྲྭས་དགེ་རྒན་གྲགས་ཅན་ལས་སྒྲུབ་ཁང་གི་བྱ་བར་རྒྱབ་སྐྱོར་ཆེན་པོ་བྱ་རྒྱུ་སྟེ། དགོས་ངེས་ཀྱི་འགྲོ་གྲོན་ལ་འགན་སྲུང་བྱ་ཆེད་ཆེད་དངུལ་ཆེད་སྤྱོད་དང་འགྲོ་སྒོ་ལོགས་སུ་ཕྱེས་ནས་དཔེ་དེབ་རྒྱུ་ཆ་ཁ་གསབ་དང་། ཆེད་དོན་ཞིབ་འཇུག དཔྱད་གཞི་ཞིབ་འཇུག ཕྱི་བསྐྱོད་འཁྲིད་སྟོན། རྟོག་ཞིབ་སློབ་སྦྱོང་སོགས་ལས་སྒོ་ཁག་གི་ཐད་སྤྱོད་རྒྱུ་མ་ཟད། ལྟ་རྟོག་དང་ཞིབ་བཤེར་རྩིས་བཤེར་ལ་དང་ལེན་བྱ་རྒྱུ། དེ་བཞིན་དུ་གཞུང་སྒྲུབ་ཁང་གི་སྒྲིག་ཆས་དང་ཆེད་ལས་དཔེ་དེབ་དང་རྒྱུ་ཆ་ལ་སོགས་ནས་མཐུན་རྐྱེན་གང་དགོས་བསྐྲུན་ནས་ལས་སྒྲུབ་ཁང་གི་ཉིན་རྒྱུན་ལས་ཀ་བདེ་བླག་ངང་སྤེལ་ཐུབ་པར་འགན་སྲུང་བྱ་རྒྱུ་མ་ཟད། ལས་སྒྲུབ་ཁང་གི་ཁོངས་མི་དགེ་རྒན་མཐོ་རིམ་ཟབ་སྦྱོང་དང་སློབ་སྦྱོང་རྟོག་ཞིབ། རིག་གཞུང་བགྲོ་གླེང་ལ་སོགས་ཀྱི་བྱེད་སྒོར་ཐོག་མར་ཞུགས་ཐུབ་པའི་གོ་སྐབས་ཀྱང་བསྐྲུན་རྒྱུ་ཡིན་ཟེར།

ཁོན་ཐར་འཚོས་བསྒྱུར།