ལིག་ཉིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལྟར་ན།སྤྱི་ཟླ9པའི་ཚེས9ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་དུས་རབས་གསར་པའི་མཚོ་སྔོན་ནུབ་རྒྱུད་གསར་སྤེལ་ཆེན་མོར་རྣམ་པ་གསར་པ་གྲུབ་པར་སྐུལ་སྤེལ་བྱེད་པ། དགུན་དུས་ཀྱི་དག་གཙང་དྲོད་འདོན། སྡེ་བ་རིམ་པའི་སྤྱི་ཕན་རང་བཞིན་གྱི་ལས་གནས་ལ་ཚད་ལྡན་དོ་དམ་བྱེད་པ་སོགས་ཀྱི་ཐད་ལ་ཞིབ་འཇུག་བྱས་པ་རེད།

གྲོས་ཚོགས་སྟེང་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་ནི། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དང་། མ་འོངས་པའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞི་རྩའི་བླང་བྱ་ཡིན་པར་མ་ཟད། མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏང་བའི་དགོས་གཏུག་གི་འགན་འཁྲི་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་རྒྱུ་རྒྱུན་འཁྱོངས་དང་། ཀྲུང་དབྱང་གི་བླང་བྱ་ལག་བསྟར་གཏིང་ཟབ་བྱེད་པ། དམིགས་ཚད་མ་ལག་འཛུགས་སྐྲུན་དང་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏང་བ། ཚད་ལྡན་མ་ལག་འཛུགས་པ། སྤྱི་བསྡོམས་མ་ལག་གྲུབ་པར་བྱེད་པ། ཚད་རིག་གདེང་འཇོག་མ་ལག་འཐུས་ཚང་དུ་གཏང་བ། སྲིད་སྐྱོང་བྱས་རྗེས་དཔྱད་ཞིབ་ལེགས་བཅོས་བྱེད་པ་བཅས་བྱས་ཏེ་དངོས་གཉེར་བྱེད་ཐབས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས་ཟེར།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲུང་སྐྱོབ་ཆེན་པོ་བྱེད་པ་དང་སྒོ་འབྱེད་ཆེན་པོ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་རྣམ་པ་གསར་པ་གྲུབ་པར་བྱེད་དགོས་པའི་བླང་བྱ་བཏོན་ཏེ།མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་གོ་སྐབས་གསར་པ་འདོན་སྤྲོད་བྱས་པས། ཀྲུང་དབྱང་གི་བླང་བྱ་གཟབ་ནན་གྱིས་ལག་བསྟར་དོན་འཁྱོལ་དང་། སྐྱེ་ཁམས་སྔོན་དུ་འགྲོ་བ་རྒྱུན་འཁྱོངས་བྱེད་རྒྱུ་གཙོར་བྱེད་པ། ལྗང་མདོག་འཕེལ་རྒྱས་ཐབས་སུ་བརྟེན་པ། མི་འདང་སར་ཁ་གསབ་དང་སྒོ་འབྱེད་རྒྱ་བསྐྱེད་རྒྱུ་གཙོ་གནད་དུ་བྱས་ཏེ། མགྱོགས་མྱུར་སྒོས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་དང་རྒྱལ་ཁབ་དག་གཙང་ནུས་ཁུངས་ཀྱི་དཔེ་སྟོན་ཞིང་ཆེན། འཚེ་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས་ཏེ། མཚོ་སྔོན་གྱི་དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་རྣམ་པ་གསར་པ་འགྲུབ་པར་འབད་པ་བྱ་དགོས་ཟེར།

གྲོས་ཚོགས་སྟེང་བསྟན་དོན། དགུན་དུས་ཀྱི་དག་གཙང་དྲོད་འདོན་བཟོ་སྐྲུན་ལག་བསྟར་བཟང་པོ་བྱ་རྒྱུ་ནི་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱིས་དྲོད་ལྡན་གྱི་དགུན་དུས་ཞིག་རོལ་ཐུབ་མིན་དང་འབྲེལ་བ་ཡོད་པ་དང་། ནུས་ཁུངས་དག་གཙང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་པས། ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལྟར་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱིས་དྲོད་ཁོལ་ལྡན་པའི་དགུན་དུས་ཤིག་རོལ་ཐུབ་པར་འགན་སྲུང་བྱེད་པ་དང་། དག་གཙང་དྲོད་འདོན་སྒྲིག་ཆས་འཛུགས་སྐྲུན་དང་ལེགས་སྒྱུར་ལ་སྐུལ་འདེད་བཏང་སྟེ་དམངས་ཚིས་བཟོ་སྐྲུན་འདི་ལག་བསྟར་བཟང་པོ་བྱ་དགོས་ཟེར།

གྲོས་ཚོགས་སྟེང་ད་རུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།