ཞིང་ཆེན་ཡོངས་ཀྱི“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང”པའི་བརྗོད་དོན་སློབ་གསོ་སྐོར་ཐེངས་དང་པོའི་སྤྱི་སྡོམ་དང་སྐོར་ཐེངས་གཉིས་པའི་བཀོད་སྒྲིག་གྲོས་ཚོགས་ཟི་ལིང་ནས་ཚོགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལྟར་ན།སྤྱི་ཟླ9པའི་ཚེས9ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང”པའི་བརྗོད་དོན་སློབ་གསོ་སྐོར་ཐེངས་དང་པོའི་སྤྱི་སྡོམ་དང་སྐོར་ཐེངས་གཉིས་པའི་བཀོད་སྒྲིག་གྲོས་ཚོགས་ཟི་ལིང་ནས་ཚོགས། ཚོགས་ཐོག་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོ་སྤེལ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང”པའི་བརྗོད་དོན་སློབ་གསོ་སྐོར་ཐེངས་དང་པོའི་སྤྱི་སྡོམ་དང་སྐོར་ཐེངས་གཉིས་པའི་བཀོད་སྒྲིག་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོ་ལ་སྤྱི་སྡོམ་བྱས་པ་དང་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོར་བཀོད་སྒྲིག་བྱས་པ་རེད།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅོན་དང་། ཀྲུང་དབྱང་སྐོར་ཞིབ་དང་པོ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧྥུན་ཅན་ཧྲིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་ཀྲུང་དབྱང་གི“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང”པའི་བརྗོད་དོན་སློབ་གསོ་སྐོར་ཐེངས་དང་པོའི་སྤྱི་སྡོམ་དང་སྐོར་ཐེངས་གཉིས་པའི་བཀོད་སྒྲིག་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས་པ་རེད།

ཝང་ཅན་ཅོན་གྱིས་གཏམ་བཤད་ཁྲོད་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོས་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་དང་པོའི་ཤུགས་ཡོད་མཛུབ་སྟོན་འོག གཏན་ཁེལ་གྱི་བྱ་བ་བཟང་པོར་བསྒྲུབས་པ་དང་། རང་འདེམས་བྱ་བར་གསར་གཏོད་བྱས་ལ། གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། སྐོར་ཞིབ་མཛུབ་སྟོན་ལ་ཤུགས་སྣོན་དང་སྣང་ཚུལ་བཟང་པོ་བསྐྲུན་ལ། བསམ་བློ་དང་གཞུང་ལུགས། ལག་ལེན་དང་ལམ་ལུགས་བཅས་ཕྱོགས་མང་པོའི་ཐད་ནས་གྲུབ་འབྲས་བླངས་ཏེ། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཐད་རྨང་གཞི་བརྟན་པོ་བཏིངས་ཟེར།

ཝང་ཅན་ཅོན་གྱིས་བསྟན་དོན། ཀྲུང་དབྱང་གི“ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་འཆང”པའི་བརྗོད་དོན་སློབ་གསོ་སྐོར་ཐེངས་དང་པོའི་སྤྱི་སྡོམ་དང་སྐོར་ཐེངས་གཉིས་པའི་བཀོད་སྒྲིག་གྲོས་ཚོགས་ཀྱིས་ཇུས་ཆོད་གལ་ཆེན་གྱི་གཞུང་ལུགས་ལ་གསལ་བཤད་གསལ་པོ་བྱས་པ་དང་། ཉམས་མྱོང་བཟང་པོར་སྤྱི་སྡོམ་བྱས་ཡོད་པར་མ་ཟད། ད་དུང་བྱེད་ཐབས་གལ་ཆེན་ལག་བསྟར་བྱེད་པའི་ཐད་རེ་བ་བཏོན་ཡོད་ལ། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་བཟང་པོར་སྤེལ་བའི་རྩ་བའི་གཞི་འཛིན་ས་ཡིན། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོའི་ཁྱབ་ཁོངས་རྒྱ་ཆེ་བ་དང་འགྲན་རྩོད་སྔར་མང་པོ་ཡོད་པས། ངེས་པར་དུ་ཐོག་མའི་བསམ་འདུན་བརྟན་སྲུང་དང་འགན་འཁྲི་ཕྲག་ཏུ་ལེན་པ། བར་ཁྱད་འཚོལ་བ། ལག་བསྟར་དམ་འཛིན་བྱེད་པའི་སྤྱིའི་རེ་བ་གོ་རིམ་ཧྲིལ་པོའི་ཁྲོད་ཁྱབ་པར་བྱ་དགོས་ཟེར། ཕུགས་འདུན་ཡིད་རྟོན་ལ་བརྟེན་ནས་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་དགོས་ལ། སློབ་སྦྱོང་གོ་གནས་གཙོ་བོར་འཇོག་པ་དང་། སློབ་སྦྱོང་གཏིང་ཟབ་དང་རྒྱུས་ལོན་གསལ་པོ་བྱེད་པ། ལག་བསྟར་ནན་མོ་བྱེད་པའི་སྟེང་ཤུགས་འདོན་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་བ། སློབ་སྦྱོང་གི་རང་རྟོགས་ལ་བརྟེན་ནས་བསམ་བློ་ཆབ་སྲིད་འགུལ་སྐྱོད་ཀྱི་རང་རྟོགས་མཐོར་འདེགས་བཏང་སྟེ། རང་ཉིད་ལ་རྒྱུས་ལོན་གསལ་པོ་བྱེད་པ་དང་སུ་ལ་རྒྱབ་རྟེན་པ། སུའི་ཆེད་དུ་འབད་འཐབ་བྱེད་པ་ཤེས་པར་བྱེད་དགོས། ཏང་ཡོན་གྱིས་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་དང་། ཏང་གི་ཕུལ་བྱུང་སྲོལ་རྒྱུན་དང་སྤྱོད་ཚུལ། དུས་རབས་གསར་པ་དང་འགན་འཁྲི་གསར་པ། གྲུབ་འབྲས་གསར་པ། མི་དམངས་མང་ཚགས་ཀྱིས་བཏོན་པའི་བསམ་ཚུལ་གྲོས་གཞི་ལ་གཤིབ་སྡུར་བྱས་ནས་ཏང་གི་སྔོན་ཐོན་རང་བཞིན་དང་ཏང་གི་དྭངས་གཙང་རང་བཞིན་ལ་གནོད་པ་སྐྱེལ་བའི་རྒྱུ་རྐྱེན་འཚོལ་དགོས་པེ་མ་ཟད། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོར་ཞུགས་པའི་ལས་ཁུངས་ཀྱིས་རང་སྟེང་གི་ཁྱད་ཆོས་ལ་ཟུང་འབྲེལ་བྱེད་པ་དང་། ཤུགས་བཏོན་ནས་འགལ་འདུ་གསར་པ་དང་གནད་དོན་གསར་པ་ཐག་གཅོད་པ། གཏན་འཇགས་འཕར་སྣོན་དང་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ། གྲུབ་ཚུལ་ལེགས་སྒྲིག དམངས་ཚིས་ལ་ཕན་འདོགས་པ། ཉེན་ཁ་ཚོད་འགོག་བྱེད་པ། གཏན་འཇགས་སྲུང་སྐྱོབ་བྱེད་པ་སོགས་བྱ་བར་དམིགས་ནས་ལག་བསྟར་དམ་འཛིན་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱི་སྐྱིད་སྣང་བདེ་སྣང་ཇེ་མཐོར་འདེགས་གཏང་དགོས་ཟེར།

ཧྥུན་ཅན་ཧྲིན་གྱིས་བསྟན་དོན། སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོའི་ཁྲོད། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཆབ་སྲིད་ལངས་གནས་མཐོན་པོ་དང་བསམ་བློའི་ངོས་ཟིན་མཐོན་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་པ་དང་། བརྗོད་དོན་སློབ་གསོ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་དུ་བརྩིས་ནས་ཕྲག་ཏུ་བླངས་ལ། སློབ་སྦྱོང་བཞི་དང་དམིགས་འབེན་བཞི། གཤིབ་སྡུར་བཞི་གཅིག་གྱུར་བཀོད་འདོམས་སུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་བརྗོད་དོན་སློབ་གསོའི་བྱ་བ་སྣ་ཚོགས་བདེ་ཐང་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་སྐུལ་འདེད་བཏང་སྟེ། གྲུབ་འབྲས་མངོན་གསལ་བླངས། གོ་རིམ་རྗེས་མར། མུ་མཐུད་དུ་འབད་འཐབ་བྱས་ནས། སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པ་དང་། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་ལ་དམ་འཛིན་ནན་མོ་བྱེད་དགོས་ཟེར།

ཝང་ཡུས་ཡན་གྱིས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་ལ་དམ་འཛིན་བྱེད་པ་བཅས་ཐད་ནས་རེ་བ་གསལ་པོ་བཏོན་པ་རེད།

གྲོས་ཚོགས་བརྙན་རིས་ཀྱི་རྣམ་པ་བརྒྱུད་དེ་བསྡུས་པ་དང་། ཞིང་ཆེན་རིམ་པའི་ཏང་ཡོན་ལས་བྱེད་པ་དང་ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ། མཐོ་རིམ་སློབ་གླིང་། ཟི་ལིང་དུ་ཡོད་པའི་ཞིང་ཆེན་ཁོངས་གཏོགས་ཁེ་ལས་བཅས་ཀྱི་ཏང་ཙུའུ་འགོ་ཁྲིད་བློ་མཐུན་གཙོ་བ། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་ཁོངས་མི། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་སོ་སོའི་ཚན་གཙོ། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་བཅས་གྲོས་ཚོགས་ལ་ཞུགས། གྲོང་ཁྱེར་དང་ཁུལ། རྫོང་། ས་ཁུལ་བཅས་སུ་ཡན་ལག་ཚོགས་ར་བཙུགས་པ་རེད།

ཉིན་དེའི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས་ནས། ཀྲུང་དབྱང་གི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྐོར་ཐེངས་དང་པོའི་སྤྱི་སྡོམ་དང་སྐོར་ཐེངས་གཉིས་པའི་བཀོད་སྒྲིག་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་ཇུས་གཞི་ལ་ཞིབ་འཇུག་བྱས་པ་མ་ཟད། གོ་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས།

ལོ་ཙཱ་བ། ཤ་མོ་འཚོ།