རང་ཞིང་གི་དགེ་རྒན་མང་དག་ཅིག་ལ་རྒྱལ་ཁབ་ཀྱི་གཟེངས་བསྟོད་ཐོབ་པ།

དགེ་རྒན་དུས་ཆེན་ཨང35པ་བསླེབ་ལ་ཉེ་བའི་སྐབས་འདིར། གསར་འགོད་པས་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་གྱི་དགེ་རྒན་མང་དག་ཅིག་ལ་རྒྱལ་ཁབ་ཀྱི་གཟེངས་བསྟོད་ཐོབ་ཡོད་པ་རེད།

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བ་དང་དགེ་རྒན་དུས་ཆེན་ཨང35པར་བསུ་མ་དང་། དགེ་རྒན་ལ་བརྩི་བཀུར་དང་སློབ་གསོ་ལ་མཐོང་ཆེན་བྱེད་པའི་སྲོལ་བཟང་དར་སྤེལ་བཅས་བྱ་ཆེད། འོག་རིམ་ནས་གོང་རིམ་བརྒྱུད་འོས་སྦྱོར་དང་འདེམ་ཐོན་བྱུང་བ་ལ་སློབ་གསོ་པུའུ་ནས་དཔྱད་འདེམས་བྱས་ཤིང་། དཔྱད་འདེམས་ལས་རྒྱལ་ཡོངས་སློབ་གསོའི་ཁྱབ་ཁོངས་ཀྱི་སྔོན་ཐོན་ཐུན་མོང་གི་ཁྲོད་དུ། རང་རེའི་ཞིང་ཆེན་གྱི་སློབ་གྲྭ10དང་། རྒྱལ་ཡོངས་དཔེ་བཟང་དགེ་རྒན་གྱི་མཚན་སྙན་ཅན་དགེ་རྒན6། རྒྱལ་ཡོངས་སློབ་གསོའི་ཁྱབ་ཁོངས་ཀྱི་སྔོན་ཐོན་ལས་བྱེད་པའི་མཚན་སྙན་ཅན་དགེ་རྒན1། རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་ཐོབ་པའི་དགེ་རྒན12། རྒྱལ་ཡོངས་སློབ་གསོའི་ལས་བྱེད་པ་ཕུལ་བྱུང་ཅན2བཅས་ཚུད་ཡོད་པ་རེད།

དེའི་ཁར་མཚོ་སྔོན་ཞིང་ཆེན་གྱིས་ཀྱང་ཞིང་ཆེན་ཡོངས་ཀྱི་འཇོན་མི་སྐྱེད་སྲིང་གི་དཔེ་ལེགས་དགེ་རྒན10བདམས་ཏེ། རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ཕྱག་ལས་གནང་མཁན་གྱི་གཟི་བརྗིད་དང་འགན་འཁྲིའི་འདུ་ཤེས་ཇེ་དྲག་དང་། སློབ་གསོ་དེང་རབས་ཅན་ལ་སྐུལ་སྤེལ། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན། མི་དམངས་ཀྱི་ཡིད་ཚིམ་པའི་སློབ་གསོ་དོན་གཉེར་བཅས་ཐད་བྱས་རྗེས་སྔར་ལས་ལྷག་པ་འཇོག་པར་སྐུལ་འདེད་བཏང་བ་རེད།

མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་ནས་དུས་རབས་གསར་པའི་དགེ་རྒན་དཔུང་སྡེ་འཛུགས་སྐྱོང་བཅོས་སྒྱུར་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་མཐའ་འཁྱོལ་ལ་དམིགས་ཏེ། “རྐང་འཛིན་དགེ་རྒན་ས་ཡ་ཡས་མས་དང་། ཕུལ་བྱུང་དགེ་རྒན་འབུམ་ཕྲག་ཡས་མས། སློབ་གསོ་པའི་རིགས་ཅན་གྱི་དགེ་རྒན་ཁྲི་ཕྲག་ཡས་མས་སྐྱེད་སྲིང”གི་བླང་བྱ་ལྟར། 《མཚོ་སྔོན་ཞིང་ཆེན་གྱི་ལོ་གསུམ་གྱི་དགེ་རྒན་ཟབ་སྦྱོང་འཆར་འགོད(2019- 2021ལོ)》བཟོས་ནས་དགེ་རྒན་ཟབ་སྦྱོང་བྱ་བའི་ཕྱོགས་ཡོངས་ལ་ཤུགས་སྣོན་དང་ལེགས་བཅོས་བྱས། 2019ལོ་ནས་བཟུང་སྟེ། ཁུ་ནུ་སྣེ་འཁྲིད་འཆར་འགོད་དང་། རྐང་འཛིན་སྐྱེད་སྲིང་འཆར་འགོད། ནུས་པ་ཇེ་མཐོར་གཏོང་བའི་འཆར་འགོད་བཅས་རེ་རེ་ནས་གཉེར་འགོ་བརྩམས་ཤིང་། དགེ་རྒན“བརྒྱ་སྟོང་ཁྲི”ཟབ་སྦྱོང་གི་ལས་གཞི་ལག་བསྟར་དང་། ཟབ་སྦྱོང་བྱེད་སྐབས་རིམ་པ་དང་རིགས་དགར་ཏེ་ཟབ་སྦྱོང་གི་སྙན་གྲགས་ཇེ་ཆེར། དགེ་རྒན་དང་སློབ་གཙོའི་ཆེད་ལས་ཆུ་ཚད་ཇེ་མཐོར་བཅས་བཏང་ནས་ས་གནས་སོ་སོའི་དགེ་རྒན་དཔུང་སྡེའི་ཆུ་ཚད་མཐོར་འདེགས་ལ་ཤུགས་ཆེན་པོ་བརྒྱབ།

ཁོན་ཐར་འཚོས་བསྒྱུར།