གཏེར་ལེན་ཁ་ཡིས“རྟེན་གཞི་ཆེན་པོ་གསུམ”གྱི་འཛུགས་སྐྲུན་མྱུར་ཚད་མགྱོགས་སུ་བཏང་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། 2019ལོ་ནས་བཟུང་གཏེར་ལེན་ཁ་གྲོང་ཁྱེར་སྲིད་གཞུང་དང་གཏེར་ལེན་ཁ་ཡི་སྟོབས་ཤུགས་གཅིག་ཏུ་སྒྲིལ་རྒྱུ་མཐའ་འཁྱོངས་ཀྱིས་ལེགས་ཆའི་ཐོན་ལས་གླིང་ཁུལ་དུ་གཅིག་སྡུད་བྱ་རྒྱུར་མཉམ་ཤུགས་ངང་སྐུལ་འདེད་བཏང་བ་དང་ལེགས་ཆའི་ཐོན་ཁུངས་དང་ལེགས་ཆའི་ཁེ་ལས་གླིང་ཁུལ་དུ་གཅིག་སྡུད་བྱས་པས་མཱེ་ཐོན་ལས་དང་། བདེ་ཐང་ཐོན་ལས། ས་འཕུར་དཔལ་འབྱོར་བཅས་རྟེན་གཞི་ཆེན་པོ་གསུམ་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་ཕྱིན་ནས་ཐོན་ལས་གྲུབ་ཆ་ལེགས་སུ་ཕྱིན་ཡོད་པ་རེད།

ན་ནིང་ནས་བཟུང་གཏེར་ལེན་ཁ་གྲོང་ཁྱེར་གྱིས་ཀའོ་ཁྲུན་མཱེ་བྱེ་དང་ཁྲུན་ཁྲུན་དབྱང་རྨེ་ཁྲོམ་རའི་དགོས་མཁོ་ཆེ་བའི་གོ་སྐབས་དམ་འཛིན་བྱས་ཏེ་སྲིད་ཇུས་ཀྱི་གཟིགས་སྐྱོང་དང་། རྣམ་གྲངས་ཀྱི་རྒྱབ་སྐྱོར། མ་དངུལ་གྱི་རོགས་སྐྱོར་བཅས་ཐབས་མང་མཉམ་སྤྱོད་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ནུབ་རྒྱུད་མཱེ་ལས་ཀྱི་ཀའོ་ཁྲུན་ཆིང་དབྱང་རྨེ་ཡི་ནུས་སྐྱེད་སྒྱུར་བཀོད་ལས་གྲྭ་ལག་ལེན་བསྟར་བས་དེའི་ཐོན་སྐྱེད་ནུས་པ་དངོས་ཏུན་ཁྲི25ཟིན་ནས་ཀྲུང་གོའི“མཱེ་གྲོང”དང“མཱེ་ཐོན་ལས་རྟེན་གཞི”གསར་པ་བསྐྲུན་ཆེད་ཆ་རྐྱེན་བཏོད་ཡོད་པ་རེད།

ནས་དང་ཀྲུང་ལུགས་བོད་སྨན་གྱི་སྨན་རྒྱུ་སོགས་ས་མཐོའི་ཁྱད་ལྡན་སྐྱེ་དངོས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་སྐྱེ་དངོས་སྨན་བཟོའི་ཁེ་ལས་ཀྱིས་ས་མཐོའི་ཁྱད་ལྡན་བཟའ་བཅའ་དང་། སྨན་རྫས། ལུས་ཁམས་བདེ་སྲུང་ཐོན་རྫས་གསར་སྤེལ་ཤུགས་ཆེན་བྱས་ཏེ་བདེ་ཐང་ཐོན་ལས་ཆེན་པོ་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། ཁེ་ལས་ཀྱི་གཞི་ཁྱོན་ཆེ་རུ་དང་རིམ་པ་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ། ལྗང་མདོག་ཐོན་ལས་ཐོན་སྐྱེད་རྟེན་གཞི་དང་གཅིག་སྡུད་དཔེ་སྟོན་ལས་སྣོན་ཁུལ་གཏོད་པ་བཅས་བྱས་ནས་གཏེར་ལེན་ཁ་ནུབ་བྱང་ས་ཁུལ་གྱི་བདེ་ཐང་ཐོན་ལས་ཆེན་པོའི་རྟེན་གཞི་ཞིག་ཏུ་བསྐྲུན་པ་རེད།

“རྟེན་གཞི་ཆེན་པོ་གསུམ”འཛུགས་སྐྲུན་གྱི་འཕེལ་རིམ་ཟམ་མི་ཆད་པར་མགྱོགས་སུ་བཏང་སྟེ་གཏེར་ལེན་ཁ་ནུས་རྒྱུ་གསར་པའི་ཐོན་ལས་གླིང་དང་། བ་ཚྭ་རྫས་འགྱུར་བཟོ་ལས་གླིང་བཅས་རྒྱ་སྟོབས་ཆེ་རུ་བཏང་ནས་གླིང་ཁུལ་འཕེལ་རྒྱས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུར་སྐུལ་ཁྲིད་བྱས་ཡོད། རྣམ་གྲངས་ཞིབ་འཇུག་སྒྲིག་བཟོའི་རྣམ་གྲངས་འཛུགས་པ་དང་། རྣམ་གྲངས་ཀྱི་ཐབས་ལམ་འདེམས་པ། ཇུས་འགོད་ཇུས་གཞི་རིགས་པས་ཁུངས་སྐྱེལ་བཅས་བྱས་ཟིན་པ་དང་། རྣམ་གྲངས་ཀྱི་ཁོར་ཡུག་གདེང་འཇོག་དང་། བདེ་འཇགས་དཔྱད་དཔོགས་ཆུ་སྲུང་འཛིན་གྱི་གདེང་འཇོག་སོགས་དུས་ཚོད་དམ་འཛིན་གྱིས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་སྔོན་དཔག་བྱས་ན་ལོ་འདིའི་ནང་མ་དངུལ་སྒོར་དུང་ཕྱུར་2.5གཏོང་རྒྱུ་ཡིན་པ་རེད།