དྲ་གྲོགས་ཀྱིས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཧྲིན་ཀྲང་ལ་འཕྲིན46བསྐུར་བར་ལན་སྤྲད་པ་ལས་བཞི་པ།

དམངས་ཀྱིས་ལན་འཕྲིན་འཇོག་དེབ་ཐོག

གཞོང་ཐང་རྫོང་ཀོན་ཐིང་གྲོང་རྡལ་སྲང་ལམ་ཆེ་མོའི་ལམ་འགྲམ་གྱི་གློག་གདུང་དེར་གློག་སྤུད་ནས་ལོ་ངོ་བཞི་ལྔ་ཙམ་སོང་རིང་རྣམ་པ་ཙམ་ལས་ཐེངས་གཅིག་ལ་གློག་བཏང་མ་སོང་བས། མཚན་མོའི་འགྲོ་འོང་ཧ་ཅང་སྟབས་བདེ་མིན། ཕྱིས2018ལོའི་ཟླ7ནང་དུ་འབྲེལ་ཡོད་སྡེ་ཚན་ལ་གོང་ཞུ་བྱས་རྗེས་རྫོང་དེའི་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་ལན་དུ། ད་ཆ་གྲོང་རྡལ་གྱི་སྲང་ལམ་མཛེས་བཟོ་བྱ་བའི་ལས་གཞི་ཞིག་ལ་བརྩོན་ལེན་བྱེད་ཡོད་པ་མ་ཟད། ལོ་དེའི་ལོ་མཇུག་གམ་ཕྱི་ལོའི་ལོ་མགོར་ལག་བསྟར་བྱ་ཐུབ་པའི་རེ་བ་ཡོད། དེ་དུས་ངེད་གྲོང་རྡལ་གྱི་སྲང་ལམ་གྱི་གནད་དོན་དེ་ཐག་གཅོད་ཐུབ་ཟེར། ད་ལྟ་གཞོང་ཐང་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱིས་དེ་སྔོན་བཤད་པའི་ལོ་མཇུག་གམ་ཕྱི་ལོའི་ལོ་འགོར་སྒྲུབ་ཐུབ་ཅེས་པའི་སྐད་ཆ་དེ་དོན་ཐོག་ཏུ་མ་སོང་ལ། ལས་གཉེར་ཀྱི་རྣམ་པ་ཙམ་ཡང་མཐོང་ཐུབ་ཀྱི་མི་འདུག་པས། འདིར་དམིགས་སུ་གཞོང་ཐང་རྫོང་གི་སྡོད་ཁང་འཛུགས་སྐྲུན་ཅུས་དང་། ཀོན་ཐིང་གྲོང་རྡལ་སྲིད་གཞུང་གི་ལས་ཀ་སྒྲུབ་སྟངས་ཡ་ལེ་ཡོ་ལེ་དང་། འབྲེལ་ཡོད་སྡེ་ཚན་གྱིས་དངོས་དོན་མི་བསྒྲུབ་པར་ལེ་ལོའི་ཕྱི་བཤོལ་གྱི་གནས་ཚུལ་ཞུས་པ་ཡིན།

ཧྲིན་ཀྲང་གིས་ལན་དུ་བསྐུར་བ།

ཁྱེད་བདེ་མོ། 2017ལོའི་ཟླ3པར་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་ཡུལ་ལྗོངས་གསབ་རེས་ཀྱི་མ་དངུལ་ཁྲི270ལྷག་བརྩོན་ལེན་བྱས་ནས་ཀོན་ཐིང་སྲང་ལམ་མཛེས་བཟོ་ཡི་ལས་གཞི་ལག་བསྟར་ལ་གྲ་སྒྲིག་བྱེད་སྐབས། ཡུལ་ལྗོངས་གསབ་རེས་གློག་སྒྲོན་གྱི་འོད་ཅུང་ཆུང་ལ། གསལ་ཚད་ཀྱི་དམིགས་ཚད་གྲོང་ཁྱེར་སྲང་ལམ་གསལ་བཟོའི་འབྲེལ་ཡོད་ཚད་གཞིར་མ་ལོངས་ཕྱིར། གྲོང་རྡལ་ནང་ཁུལ་གྱི་སྲང་ལམ་གསལ་བཟོ་ལས་གཞིའི་ཕྱོགས་ལ་བཀོལ་སྤྱོད་བཏང་། བར་སྐབས་དེར་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་ཀོན་ཐིང་སྲང་ལམ་གྱི་རྣམ་པ་བཅོས་སྒྱུར་བྱ་འཆར་ཡོད་པས། ལམ་སྒྲོན་གྱི་གློག་ཆས་སོགས་ཆ་ནས་ཡང་བསྐྱར་འདེམས་གསེས་བྱས་ཏེ་གནའ་གྲོང་གི་ཁྱད་ཆོས་དང་མཐུན་པ་ཞིག་བཟོ་བའི་ཐད་ལ་ཚང་མ་མོས་མཐུན་བྱུང་། ད་ལྟ་ཇུས་འགོད་ཀྱི་སྒང་ཡིན་ལ། ཇུས་འགོད་བྱས་ཚར་རྗེས་ད་གཟོད་ལམ་སྒྲོན་གྱི་རྣམ་པ་འདེམས་རྩིས་ཡོད། ངེད་གྲོང་རྡལ་སྲང་ལམ་འགྲམ་ངོགས་ཀྱི་གློག་སྒྲོན་སྒྲིག་ཆས་ལ་ཧ་ལམ་ལོ་དགུ་སོང་ཡོད་པས། གློག་སྒྲོན་ལ་ཆག་སྐྱོན་ཤོར་ཞིང་གློག་སྐུད་རྙིང་ཧྲུལ་དུ་གྱུར་ཡོད་པ་དང་། གློག་རིན་ཡང་ཧ་ཅང་མཐོ་མོད། ནོར་སྲིད་ལ་མཚོན་ན་ཡང་ཆེད་སྤྱོད་མ་དངུལ་མེད་པས་རང་རེའི་གྲོང་རྡལ་གྱིས་འགན་འདི་ཐེག་ཁག་པོར་གྱུར་ཡོད། 2019ལོའི་ཟླ2པའི་ཚེས21ཉིན་རྫོང་ནོར་སྲིད་ཅུས་ལ་གྲོང་སྲིད་སྒྲིག་ཆས་ཞིག་གསོའི་གྲོན་དངུལ་སྒོར་ཁྲི10དང་། སྲང་ལམ་གློག་སྒྲོན་གྱི་གློག་རིན་སྒོར་ཁྲི15བཅས་སྙན་ཞུ་བརྒྱབ་ཟིན་པས། ནོར་སྲིད་ནས་མ་དངུལ་དེ་དག་གཤམ་སྤྲོད་བྱས་རྗེས་ལམ་སེང་ཞིག་གསོ་བྱ་ངེས་ཡིན།

ཁོན་ཐར་འཚོས་བསྒྱུར།