སློབ་གསོ་པུའུ་དང་སྤྱི་བདེ་པུའུ་ཡི་བཀོད་ཁྱབ་ལྟར་ན། ད་ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སྒོ་བསྡམས་དོ་དམ་ལམ་ལུགས་སྤེལ་ཚད100%ལ་འབུད་རྒྱུ་རེད།

ཟླ9ཚེས4ཉིན། སློབ་གསོ་པུའུ་དང་སྤྱི་བདེ་པུའུ་གཉིས་ཀྱིས་མཉམ་འབྲེལ་ཐོག་རྒྱལ་ཡོངས་ཀྱི་སློབ་གྲྭའི་བདེ་འཇགས་བྱ་བའི་འཕྲལ་བསྟུན་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ཏེ། སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་བཅས་ཀྱི་བདེ་འཇགས་བྱ་བར་ཡང་བསྐྱར་བཀོད་སྒྲིག་ཁ་གསལ་བྱས་པ་དང་། གྲོས་ཚོགས་ཐོག་བདེ་འཇགས་ཀྱི་མ་མཐའི་ཚད་ཐིག་སྲུང་བའི་འདུ་ཤེས་ཇེ་བརྟན་དུ་བཏང་ནས་སློབ་གྲྭའི་སྒོ་ཆེན་ནན་སྲུང་བྱ་དགོས་པ་སོགས་སློབ་གྲྭའི་བདེ་འཇགས་ཕྱོགས་ལ་བླང་བྱ་དྲུག་བཏོན་འདུག

དང་པོ། སློབ་གསོའི་ཁོངས་གཏོགས་ཀྱི་རིམ་ཁག་འགོ་ཁྲིད་དང་ལས་བྱེད་ཀྱིས་ངེས་པར་དུ་བདེ་འཇགས་འགན་ལེན་ལ་ཁག་ཐེག་བྱ་རྒྱུ་དེ་སློབ་གསོའི་བྱ་གཞག་འཕེལ་རྒྱས་དང་། སློབ་མའི་མཚར་ལོངས། སློབ་མ་སྐྱེད་སྲིང་གི་མ་མཐའི་ཚད་ཐིག་ཏུ་འཛིན་དགོས་པ་དང་། རྒྱ་ཆེའི་དགེ་སློབ་ཡོངས་ཀྱི་ཚེ་སྲོག་བདེ་འཇགས་བྱ་བ་གཙིགས་སུ་བཟུང་ནས་ཡུལ་དུས་གང་རུང་ནས་སློབ་གསོ་སྤེལ་པའི་ཐོག་མར་བདེ་འཇགས་གླེང་དགོས་ལ། སློབ་གྲྭར་ཞིབ་བཤེར་སློབ་སྟོན་གྱི་ལས་སྤེལ་དུས་ཀྱང་ཐོག་མར་བདེ་འཇགས་ཀྱི་ལས་ཀ་གནད་དུ་འཁེལ་ཡོད་མེད་ལ་ངེས་པར་བལྟ་དགོས།

གཉིས་པ། འགན་འཁྲི་ལས་བགོས་ཏན་ཏིག་བསྒྲུབ་དགོས།

ཞིང་ཆེན་སོ་སོའི་སློབ་གསོ་ཐིང་གི་ཐིང་ཀྲང་དང་། སློབ་གསོ་ཅུས་ཀྱི་ཅུས་ཀྲང་། སློབ་གཙོ་བཅས་ཀྱིས་སློབ་རའི་བདེ་འཇགས་ཀྱི་འགན་འཁྲི་དང་དུ་བླངས་ཏེ། སློབ་རའི་བདེ་འཇགས་ཀྱི་གོ་རིམ་སོ་སོར་ལྟ་རྟོག་ནན་མོ་དང་། སློབ་གསོ་པུའུ་དང་སྤྱི་བདེ་པུའུ་ཡིས་བཏོན་པའི་སློབ་རའི་བདེ་འཇགས་ཀྱི་སྲིད་ཇུས་བྱེད་ཐབས་ཁག་རྣམ་པར་དབྱེ་སྟེ་ལས་བགོས་སོ་སོའི་ལས་འགན་དོན་འཁྱོལ་བྱ་དགོས། སློབ་རའི་བདེ་འཇགས་དང་འབྲེལ་བའི་ལས་གནས་ཀྱི་ལས་བྱེད་པས་བྱ་བ་གང་དག་བསྒྲུབ་རུང་བ་དང་། ཇི་ལྟར་བསྒྲུབ་དགོས་པ་རྒྱུད་ལ་ངེས་སུ་བཅུག་ནས་བརྩེ་སེམས་དང་འགན་འཁྲིའི་ངོས་ནས་ཕན་ཚུན་བར་འཛེམ་མེད་དྲན་སྐུལ་ཐོག སློབ་རའི་བདེ་སྲུང་གི་བྱ་བ་ཐམས་ཅད་ལ་དོ་དམ་བྱེད་མཁན་དང་རྩད་འདྲི་བྱེད་མཁན་ཡོད་པར་ཁག་ཐེག་བྱ་དགོས།

གསུམ་པ། སློབ་གྲྭའི་སྒོ་ཆེན་ནན་སྲུང་བྱ་དགོས།

ས་གནས་ཁག་གི་སློབ་གྲྭ་གྲགས་ཅན་གྱིས་ངེས་པར་དུ་བསླབ་བྱར་ངོས་ཟིན་ལེགས་པོ་བསྐྱེད་དེ། རང་རང་གི་སྒོ་མོ་དམ་སྲུང་དང་བདེ་འཇགས་ཀྱི་འགག་སྒོ་དང་པོ་ནན་སྲུང་བྱ་དགོས། དོ་དམ་ལ་ཤུགས་བསྣན་ནས་རྣམ་པ་ཙམ་དང་། ཚད་ལྡན་མིན་པ། གོ་མི་ཆོད་པའི་སྒོ་སྲུང་བ་བཀོད་སྒྲིག་བྱས་ཡོད་པ་དག་གཙང་བཤེར་བྱས་ནས་བརྗེ་དགོས། བདེ་འཇགས་ཐད་ནས་དོན་རྐྱེན་བྱུང་ན་འབྲེལ་ཡོད་འགན་ཁུར་བར་འགན་འདེད་ནན་མོ་བྱ་བ་ལས་གུ་ཡངས་གཏན་ནས་གཏང་མི་རུང་། རྒན་པ་ཉམས་ཆུང་དང་ནད་པ་དབང་སྐྱོན་ཅན་རྣམས་སྒོ་སྲུང་བར་བཀོད་སྒྲིག་བྱ་མི་རུང་། ཟབ་སྦྱོང་ལ་ཤུགས་བསྣན་ནས་ཆེད་ལས་ནུས་པ་ཇེ་མཐོར་བཏང་སྟེ། སྒོ་སྲུང་མཁན་བསྡུ་དུས་ལས་གོ་ཆོད་པའི་མི་བསྡུས་ནས་སློབ་གྲྭའི་བདེ་འཇགས་ཀྱི་དགོས་མཁོ་དང་འཚམ་པའི་དཔུང་སྡེ་བྱང་ཚད་ཅན་གཟུག་དགོས། སྒོ་སྲུང་གི་སོ་སྲུང་དང་ནང་ཁུལ་གྱི་སྐོར་ཞིབ་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། ཁྱིམ་བདག་གིས་བུ་ཕྲུག་ཕར་སྐྱེལ་ཚུར་ལེན་བྱེད་དུས་གནས་ཚུལ་ཞིབ་འདྲི་བྱེད་པ་དང་། ཕྱི་ནས་ཡོང་བའི་མི་དང་རླངས་འཁོར། དངོས་ཟོག་ལ་རེ་རེ་བཞིན་རྩད་འདྲི་ཐོ་འགོད་བྱས་ནས་འབྲེལ་མེད་མི་དང་ཉེན་ཆེ་དངོས་ཟོག་སློབ་རར་ཡོང་བར་ནན་འགོག་བྱ་དགོས།

བཞི་བ། བདེ་འཇགས་སྒྲིག་ཆས་ཆ་ཚང་བསྒྲིག་དགོས།

ས་གནས་ཁག་གི་སློབ་གསོ་སྡེ་ཚན་དང་སློབ་གྲྭས་སློབ་གསོ་པུའུ་དང་སྤྱི་བདེ་པུའུ་ཡིས་བཏོན་པའི་ཚད་གཞི་ལྟར་དུ། འོས་འགན་སློབ་གསོའི་ཞན་ཆ་བཅོས་སྒྱུར་དང་ནུས་པ་སྐྱེད་སྲིང་། སྒྲིག་ཁོངས་འཆར་འགོད་བཅས་བྱ་བའི་ལས་ལ་སྦྱར་ནས་མེད་པ་དང་མི་འདང་ས་དམིགས་སུ་བཟུང་ནས་ཁ་གསབ་དང་། ཚང་དགོས་པའི་བདེ་འཇགས་ཉེན་འགོག་གི་སྒྲིག་ཆས་ཆ་ཚང་བསྒྲིག་ནས་སློབ་གྲྭའི་བདེ་འཇགས་དང་ཉེན་འགོག་གི་ནུས་པ་ཇེ་མཐོར་གཏང་དགོས། ད་ལོའི་ལོ་མཇུག་གི་སྔུན་ལ། ས་གནས་ཁག་གིས་སློབ་གྲྭ་ཆུང་འབྲིང་གི་སྒོ་བསྡམས་དོ་དམ100%ལ་བསླེབ་ཏུ་འཇུག་རྒྱུ་དང་། འཕྲལ་བསྟུན་ཉེན་བརྡ་དང་། བརྙན་མིག་གི་ལྟ་རྟོག་ཚོད་འཛིན་མ་ལག་དག་ས་གནས་གང་དེའི་ཁོངས་གཏོགས་ཀྱི་སྤྱི་བདེ་ལས་ཁུངས་བར་དྲ་སྦྲེལ་ཚད100%ལ་བསླེབ་ཏུ་འཇུག་རྒྱུ། སློབ་གྲྭ་ཆུང་འབྲིང་གི་ཆེད་བསྐོས་སྒོ་སྲུང་བ་བཀོད་སྒྲིག་བྱེད་ཚད100%ལ་བསླེབ་ཏུ་འཇུག་རྒྱུ་བཅས“བརྒྱ་ཆའི་རྒྱ་གསུམ”གྱི་དམིགས་འབེན་མངོན་འགྱུར་བྱ་དགོས།

ལྔ་པ། སློབ་གྲྭའི་ཉེ་འཁོར་ལ་ལྟ་རྟོག་ནན་མོ་བྱ་དགོས།

ས་གནས་ཁག་གི་སློབ་གསོ་སྡེ་ཚན་གྱིས་སྤྱི་བདེ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་སྡེ་ཚན་དང་མཉམ་དུ། སློབ་རའི་ཉེ་འཁོར་གྱི་ཁྲིམས་མཐུན་ཡི་གེ་མེད་པའི་དྲ་ཁང་དང་།འཛིན་ཡིག་མེད་པའི་བོགས་གཏོང་རླངས་འཁོར། དཔང་མེད་ཁྲོམ་ཚོང་སོགས་ཡོང་ཁོངས་མི་གསལ་ལ་འཕྲོད་བསྟེན་མི་ལེགས་པར་དག་ཐེར་གཟབ་ནན་བྱ་དགོས། སྤྱི་བདེ་ལས་ཁུངས་ཀྱིས་སློབ་རའི་ཉེ་འཁོར་དུ་བསྒྲུབ་རྒྱུའི“ལས་ཀ་མང་སྒྲུབ”དང“སློབ་སྲུང་ལས་གནས”ཀྱི་ནང་རྐྱེན་ལམ་ལུགས་བེད་སྤྱོད་གང་ལེགས་བྱས་ཏེ། ལས་རེས་ཉེན་རྟོག་པ་དང་མཉམ་དུ་སློབ་ཐུན་ཚོགས་གྲོལ་གྱི་སྐབས་སུ་སློབ་གྲྭའི་སྒོ་ཆེན་ཉེ་འཁོར་གྱི་ཉེན་ཁ་འགོག་སྲུང་ལེགས་པོ་བྱས་ནས་གནད་འགག་གི་ཡུལ་དུས་ལ་ཉེན་འགོག་གཟབ་ནན་བྱ་དགོས། སློབ་གྲྭའི་སྒོ་ཆེན་གྱི་ཉེ་འཁོར་དུ་མྱུར་ཚད་ཚོད་འཛིན་དང་། གློག་དམར་དང་གློག་ལྗང་། བར་གཅོད་ཕུར་བ་སོགས་སྒྲིག་ཆས་བསྒྲིག་ཅིང་འགྲིམ་འགྲུལ་ལམ་སྟོན་གྱི་ཆ་རྐྱེན་བསྐྲུན་ནས་སློབ་རའི་ཉེ་འཁོར་བདེ་འཇགས་ཡིན་ལ། བརྟན་བརླིང་ཡིན་པ། གོ་རིམ་དང་ལྡན་པ་ཞིག་ཡོང་བར་འགན་ལེན་བྱ་དགོས།

དྲུག་པ། མི་མངོན་རྐྱེན་ངན་འབྱུང་བར་བརྟག་བཤེར་ཞིབ་ཕྲ་བྱ་དགོས།

ས་གནས་ཁག་གི་སློབ་གསོ་སྡེ་ཚན་གྱིས་ཚད་གཞི་མཐོ་ལ་གཟབ་ནན་ཡིན་པ། ཡ་ཡོག་མེད་པ། ཕྱོགས་ཐམས་ཅད་ནས་སློབ་གྲྭའི་བདེ་འཇགས་ཐད་ཀྱི་མི་མངོན་རྐྱེན་ངན་ལ་ཞིབ་བཤེར་དང་དག་ཐེར་ཆེན་པོ་ཐེངས་གཅིག་ལམ་སང་སྤེལ་ཏེ། ཞིབ་བཤེར་བྱེད་དུས་རྣམ་པ་དང་མགོ་སྐོར། སྒྲུབ་ཐབས་ཙམ་མི་བྱེད་པར་ཞིབ་ཅིང་ཕྲ་ལ་དོན་ལ་འཁེལ་བ་ཞིག་བསྒྲུབ་ནས་གནད་དོན་ཡོད་པ་ཐག་གཅོད་ནན་མོ་བྱ་དགོས། བྱ་བར་ཧུར་ཐག་མི་བྱེད་ཅིང་། བདེ་འཇགས་ཐད་ནས་དོན་རྐྱེན་ཚབས་ཆེན་ནམ། སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོ་མཁན་ཡོད་ན་ཁྲོམ་སྒྲོག་ཡོ་བསྲང་དང་རྩད་འདྲི་འགན་འདེད་བྱས་ནས། ཁྲིམས་བཞིན་འབྲེལ་ཡོད་འགོ་ཁྲིད་དང་འགན་ཁུར་མི་སྣའི་འགན་འཁྲི་ནན་མོ་བདའ་འདེད་དགོས་པ་ལས་ངོ་སྲུང་གུ་ཡངས་གཏན་ནས་བྱ་མི་ཆོག

ཁོན་ཐར་འཚོས་བསྒྱུར།