ཞིང་གྲོང་གི་ན་ཆུང་ཁང283གྱིས་གཞོན་ནུའི་འདུན་པ་མངོན་དུ་འགྱུར་ལ་རོགས་འདེགས་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9ཚེས2ཉིན། གསར་འགོད་པས་ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་ནས་ཤེས་གསལ་ལྟར་ན། 2011ལོའི་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་དང་། ནོར་སྲིད་པུའུ། སློབ་གསོ་པུའུ་བཅས་ཀྱིས་ཞིང་གྲོང་གི་སློབ་གྲྭའི་ན་ཆུང་ཁང་བཙུགས་ནས་ལོ་བརྒྱད་ཀྱི་རིང་ལ། ཞིང་ཆེན་ཡོངས་ཀྱི་ཞིང་གྲོང་གི་སློབ་གྲྭའི་ན་ཆུང་ཁང་ཐོག་མར་མེད་པ་ནས་ཡོད་པ་དང་། ཉུང་ངུ་ནས་ཇེ་མང་དུ་བཏང་སྟེ། ཉེ་འཁོར་གྱི་ཡུལ་ཚོ་དང་གྲོང་རྡལ་ནས་ཞིང་འབྲོག་ཁུལ་དུ་བསྐྲུན་ཞིང་། གསར་གཏོད་རང་བཞིན་ནས་གཞི་ཁྱོན་ཅན་གྱི་ཕྱོགས་སུ་བསྐྱོད་དེ་ལོ་རྒྱུས་རང་བཞིན་གྱི་ཐོད་རྒལ་བྱུང་། ལྷག་པར་ནར་སོན་པའི་གཞོན་ནུའི་བསམ་བློ་ཀུན་སྤྱོད་དར་སྤེལ་དང་། ཞིང་འབྲོག་ཁུལ་གྱི་ན་ཆུང་ཁང་གི་ཁོར་ཡུག་ལེགས་བཅོས། སློབ་ཕྱིའི་སློབ་གསོ་དོ་དམ་ལ་རོགས་རེས། ཞིང་འབྲོག་ཁུལ་གྱི་ན་ཆུང་པའི་ཕྱོགས་བསྡུས་འཇོན་ནུས་མཐོར་འདེགས་སོགས་ལ་ཤུགས་བསྣན་ནས་ཕན་གོ་ཆེན་པོ་ཆོད་ཡོད་པ་རེད། ད་ལྟའི་བར་དུ། ཞིང་ཆེན་ཡོངས་ནས་སྔ་གཞུག་ཏུ་མ་དངུལ་ཁྲི8469བཏང་སྟེ། ཞིང་གྲོང་གི་སློབ་གྲྭའི་ན་ཆུང་ཁང283བསྐྲུན་ཡོད་པ་དང་། དེའི་ནང་ཞིང་ཆེན་ནོར་སྲིད་ཀྱིས་སློབ་གྲྭ80ཡི་ན་ཆུང་ཁང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཤིང་།དེ་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ8། རྫོང་དང་ཆུས43། ཡུལ་ཚོ་དང་གྲོང་རྡལ211ལ་ཁྱབ་ནས་སློབ་མ་ཁྲི35ལྷག་ལ་ཕན་ཁེ་བསྐྲུན་ཡོད་པ་རེད།

ད་སྔ་ལས་གཞི་འདི་ཡོད་པའི་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་དག་གིས་སློབ་གྲྭ་རང་རང་ལ་རྐང་བཙུགས་ཏེ། བསམ་བློ་ཀུན་སྤྱོད་དང་། རིག་རྩལ། ལུས་རྩལ། ཚན་རིག་ཁྱབ་གདལ། ལག་ཤེས་བཟོ་རྩལ་སོགས་ཡུལ་བབ་བསྟུན་པའི་བསླབ་གཞི་ཁང་མང་པོ་ཞིག་བཀོད་སྒྲིག་བརྒྱབ་ཡོད་པ་དང་། སློབ་གྲྭ་སོ་སོའི་སློབ་མའི་དགའ་ཕྱོགས་ཚན་ཆུང20ཡན་བཙུགས་ནས་སློབ་མ་ཞུགས་ཚད་ཡོངས་ཁྱབ་ཏུ80%ཡན་ལ་བསླེབས་ཡོད་པ་རེད། དེ་དང་ཆབས་ཅིག་ཏུ། ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་གིས་ས་གནས་ཁག་གིས་ས་གནས་རང་དུ་བདེ་ཐང་ཡར་ཐོན་ཡིན་ཞིང་། ན་ཆུང་རྣམས་ལ་འཚམ་པའི་མི་རིགས་དམངས་ཁྲོད་རིག་གནས་སྒྱུ་རྩལ་སྔོག་འདོན་ལ་སློབ་སྟོན་བྱས་ཏེ། བོད་ཀྱི་ཐང་ག་དང་། བརྐོས་རིས། ཧོར་རིགས་ཀྱི་གཙག་དྲུབས། བོད་ཀྱི་སྐོར་བྲོ། ཟ་ལར་རིགས་ཀྱི་ཞབས་བྲོ། ཧོར་ཀྱི་ཨན་གྲའོ་ཞབས་བྲོ། ཧུའེ་རིགས་ཀྱི་གསོལ་སྟོན་སྒྲ་དབྱངས་སོགས་ན་ཆུང་རྣམས་ཞུགས་བདེ་ལ་ཡིད་སྤྲོ་བའི་ལས་སྒོ་ཁྱད་ཆོས་ཅན་བསྒྲུབས་ནས་ན་ཆུང་ཁང་གི་བྱེད་སྒོའི་ནང་དོན་ཕུན་སུམ་ཇེ་ཚོགས་དང་། སྒོ་ཀུན་ནས་འཚར་ལོངས་འབྱུང་བ་ལ་སྐུལ་སྤེལ་བྱས་པ་བཅས་ཚད་ངེས་ཅན་ཞིག་ནས་ཡུལ་དེ་དག་གི་མི་རིགས་དམངས་ཁྲོད་རིག་གནས་ཕུལ་དུ་བྱུང་བ་རྣམས་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་ཡོད་པ་རེད། བྱེད་སྒོ་དེ་དག་གིས་ཞིང་འབྲོག་ཁུལ་གྱི་ན་ཆུང་པའི་བསམ་བློ་དང་རིག་གནས་འཚོ་བར་ཕུན་སུམ་ཚོགས་པོར་བཏང་བ་མ་ཟད། ཀློག་འདོན་ལ་བརྟེན་ནས་ཀུན་སྤྱོད་གསོ་སྐྱོང་དང་། སྤྲོ་བ་ལ་བརྟེན་ནས་བློ་སྒོ་འབྱེད་པ། ལག་རྩལ་ལ་བརྟེན་ནས་ནུས་པ་སྐྱེད་སྲིང་བཅས་ཀྱི་ཕན་གོ་ཆོད་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།