མཚོ་སྔོན་གྱིས་དམངས་ཚིས་རུལ་སུངས་གྱོད་དཔེ4ཐེར་འདོན་བྱས་པ།

1.མཚོ་སྔོན་སློབ་ཆེན་སྨན་བཅོས་ལས་དོན་ཁང་གི་ཀྲུའུ་རིན་ལོའུ་ཀྲུང་ཨཱན་དང་ཀྲུའུ་རིན་གཞོན་པ་སུང་དབྱང་གིས་སློབ་མའི་ལུས་ཕུང་བརྟག་དཔྱད་གྲོན་དངུལ་ཉར་འཛིན་དང་གཞན་སྤྱོད་བྱས་པའི་གནད་དོན།

2013ལོ་ནས2018ལོའི་བར་དུ། མཚོ་སྔོན་སློབ་ཆེན་སྨན་བཅོས་ལས་དོན་ཁང་གིས་ལོ་རེར་སློབ་མ་རེའི་ལག་ནས་སྒོར80བླངས་ནས་ལུས་ཕུང་བརྟག་དཔྱད་གྲོན་དངུལ་ཁྱོན་བསྡོམས་སྒོར་ཁྲི122.15བླངས། དེའི་ཁྲོད་སྒོར་ཁྲི45.8སློབ་མའི་ལུས་ཕུང་བརྟག་དཔྱད་ཐད་དུ་སྤྱད་ཅིང་། ལྷག་མའི་སྒོར་ཁྲི76.35ཉར་འཛིན་བྱས། ལོའུ་ཀྲུང་ཨཱན་དང་སུང་དབྱང་གཉིས་ཀྱིས་སྒོར་ཁྲི26.09སྒྲིག་འགལ་ངང་སྨན་བཅོས་ལས་དོན་ཁང་གི་ལས་སྣོན་གྲོན་དངུལ་དང་ཟས་རིན་སྤྲད་བྱེད་དུ་བཀོལ། 2019ལོའི་ཟླ5པར། ལོའུ་ཀྲུང་ཨཱན་ལ་གོ་གནས་ཇེ་དམར་གཏང་བའི་ཆད་པ་བཅད། སུང་དབྱང་ལ་ཏང་ཁོངས་ནས་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་བཅད། མང་བསྡུ་བྱས་པའི་ལུས་ཕུང་བརྟག་དཔྱད་གྲོན་དངུལ་ལྷག་མ་ཕྱིར་སློབ་མར་སློག་པ་རེད།

2.ཟི་ལིང་གྲོང་ཁྱེར་རྟ་ཐང་རྫོང་ཞོས་ཀོའུ་ཡུལ་ཚོའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རིན་མཱ་ཁོ་ཅོན་གྱིས“ཁང་གཉིས”སྒྱུར་བཀོད་ལས་གཞིའི་ཁྲོད་ལས་འགན་ཡང་དག་གིས་ལག་བསྟར་བྱས་མེད་པའི་ཐད་ཀྱི་གནད་དོན།

2014ལོའི་ཟླ11པར། ཞོས་ཀོའུ་ཡུལ་ཚོའི་སྡེ་མི་མཱ་ཆེ་གེ་མོས་གཏན་འབེབས་ལྟར་ཁང་རྙིང་བསྒྱུར་བཀོད་ལེགས་འགྲུབ་མ་བྱས་པའི་གནས་ཚུལ་འོག མཱ་ཁོ་ཅོན་གྱིས་སྒྲིག་འགལ་སྒོས་མཱ་ཆེ་གེ་མོའི་ལས་གཞི་དེ2014ལོའི་ཁང་རྙིང་བསྒྱུར་བཀོད་ལས་གཞིའི་མ་དངུལ་སྟེར་བའི་རེའུ་མིག་ཁྲོད་བཞག་ནས། མཱ་ཆེ་གེ་མོར་སྒྲིག་འགལ་ངང་ཁང་རྙིང་སྒྱུར་བཀོད་ལས་གཞིའི་ཁ་གསབ་མ་དངུལ་སྒོར་ཁྲི2.5ལོངས་སྤྱོད་བྱེད་དུ་བཅུག་པ་རེད། 2019ལོའི་ཟླ6པར། མཱ་ཁོ་ཅོན་ལ་ཏང་ཁོངས་ནས་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་བཅད། སྒྲིག་འགལ་གྱི་ཁ་གསབ་མ་དངུལ་ཕྱིར་གཞུང་ལ་སྤྲད་པ་རེད།

3.མཚོ་ཤར་གྲོང་ཁྱེར་གཞོང་ཐང་རྫོང་ཀུའུ་ཧྲན་གྲོང་རྡལ་སན་ཞིན་ཀྲོང་སྡེ་བའི་མ་མཐའི་འཚོ་བའི་མ་དངུལ་སྙོམས་བགོ་བྱས་པའི་གནད་དོན།

2010ལོ་ནས2013ལོའི་བར་དུ། སན་ཞིན་ཀྲོང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧན་ཧྲི་ཏུང་དང་སྡེ་དམངས་ཨུ་ལྷན་ཀྲུའུ་རིན་ལིས་ཡུས་གཉིས་ཀྱིས་སྒེར་ནས་གྲོས་བསྡུར་བྱས་ཏེ། མ་མཐའི་འཚོ་བའི་འགན་སྲུང་ཅན་གྱི་ཁྱིམ་ཚང24ཡི་ལོ4ཡི་འགན་སྲུང་མ་དངུལ་སྒོར་ཁྲི50.59སྡེ་བ་ཡོངས་ཀྱི་སྡེ་མིར་ཁྱིམ་ཐོ་ལྟར་སྙོམས་བགོ་བྱས་ཤིང་། ཧན་ཧྲི་ཏུང་ལ་སྒྲིག་འགལ་གནད་དོན་གཞན་དག་ཡང་ལྡན། 2019ལོའི་ཟླ3པར། ཧན་ཧྲི་ཏུང་ལ་ཏང་ཁོངས་ནས་ཕུད་པའི་ཆད་པ་བཅད། ལིས་ཡུས་ལ་སྐྱོན་བརྗོད་ཀྱི་ཆད་པ་བཅད་པ་རེད།

4.མགོ་ལོག་ཁུལ་དགའ་བདེ་རྫོང་གཙང་ཞོལ་མ་ཡུལ་ཚོའི་དབུལ་སྐྱོར་གནས་སྤོ་ལས་གཞི་སྒྲིག་འགལ་སྒོས་ལག་བསྟར་བྱས་པའི་གནད་དོན།

2012ལོར། གཙང་ཞོལ་མ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ལུའུ་ཞུས་ཧུའུ་དང་ཡུལ་ཚོའི་འགོ་དཔོན་མགོན་པོ། རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་འབྲུག་བྱམས་ཚེ་རིང་བཅས་ཀྱིས་སྒྲིག་འགལ་ངང་ཞིང་ཆེན་དབུལ་སྐྱོར་ཅུའུ་གཤམ་སྤྲོད་བྱས་པའི་གཙང་ཞོལ་མ་ཡུལ་ཚོའི་དབུལ་སྐྱོར་གནས་སྤོ་ལས་གཞིར་མཆན་བཀོད་བྱས་ཏེ། རང་འདོད་ལྟར་མ་དངུལ་གྲབས་གསོག་དང་གནས་སྤོ་བྱ་ཡུལ་གཏན་འཁེལ། འཛུགས་སྐྲུན་གྱི་ལས་ཀར་བཟོ་བཅོས་རྒྱག་པ་སོགས་སྒྲིག་འགལ་གྱི་ལས་ཀ་སྤེལ་བ་རེད། ལས་གཞི་ལག་བསྟར་སྐབས་སུ་ལུའུ་ཞུས་ཧུའུ་དང་མགོན་པོ་གཉིས་ཀྱིས་སྒེར་ནས་ཁྱིམ་ཚང135ཡི་སྡོད་ཁང་འཛུགས་སྐྲུན་ལས་གཞི་ཀྲང་ཆེ་གེ་མོར་བསྐོར་པ་མ་ཟད། གྲབས་གསོག་མ་དངུལ་རྫོང་དབུལ་སྐྱོར་ཅུའུ་མ་བརྒྱུད་པར་ཐད་ཀར་ཨར་ལས་རུ་ཁག་ལ་སྤྲད་པས། སྡོད་ཁང་གི་སྤུས་ཀ་ཞན་པོ་ཆགས་ཏེ་ཚད་གཞིར་མ་ལོངས་པ་རེད། ཡན་ལག་དོ་དམ་གྱི་རྫོང་དཔོན་གཞོན་པ་དབྱང་ཅིན་ཧྥིན་གྱིས་ལས་གཞི་ལག་བསྟར་ཁྲོད་བྱ་བའི་འགན་ནུས་ལྟར་མི་སྒྲུབ་པར། ལས་གཞིའི་ཁྲོད་ཀྱི་སྒྲིག་འགལ་དང་སྤུས་ཀ་ཞན་པ་སོགས་ཀྱི་གནད་དོན་དག་རྫུན་བཟོ་ལེགས་བཅོས་བྱས། 2019ལོའི་ཟླ5པར། ལུའུ་ཞུས་ཧུའུ་དང་མགོན་པོ་གཉིས་ཏང་ཁོངས་ནས་ལོ་གཅིག་ལ་ལྟ་ཞིབ་དང་སྲིད་དོན་གནས་དབྱུང་གི་ཆད་པ་བཅད། འབྲུག་བྱམས་ཚེ་རིང་ལ་ཏང་ཁོངས་ནས་ལོ་གཅིག་ལ་ལྟ་ཞིབ་དང་ལས་འཁྱུར་ངལ་གསོའི་གཟིགས་སྐྱོང་ཇེ་དམར་བཏང་། དབྱང་ཅིན་ཧྥིན་ལ་ཏང་ཁོངས་ནས་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་བཅད། འབྲེལ་ཡོད་ཀྱི་འགན་འཁུར་མི་སྣ་གཞན་དག་ལ་བབ་བསྟུན་གྱི་ཆད་པ་བཅད་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།