མཚོ་སྔོན་ཞིང་ཆེན་གྱིས་ནས་ཀྱི་ཐོན་ལས་མནའ་འབྲེལ་བཙུགས་པ།

མཚོ་སྔོན་ཉིན་རེའི་ཚགས་པར་གྱི་འཕྲིན།ཟླ8ཚེས27ཉིན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གིས“དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན། ནས་འབྲུའི་ཚོང་རྟགས་བཟོ་བ། ལྗང་མདོག་འཕེལ་རྒྱས་སྐུལ་འདེད”བཅས་བརྗོད་དོན་གཙོ་བོར་དམིགས་ནས་གཉེར་བའི་མཚོ་སྔོན་ཞིང་ཆེན་ནས་ཀྱི་ཐོན་ལས་མནའ་འབྲེལ་དང་ཐོན་ཚོང་སྦྲེལ་མཐུད་ཚོགས་ཆེན་ཟི་ལིང་དུ་འཚོགས་པ་རེད། ཚོགས་ཆེན་ཐོག་མཚོ་སྔོན་ཞིང་ཆེན་གྱི་ནས་ཀྱི་ཐོན་ལས་མནའ་འབྲེལ་དངོས་སུ་བཙུགས།

ནས་འབྲུ་ནི་མཚོ་སྔོན་གྱི་ས་མཐོ་རུ་འདེབས་འཛུགས་འཚམ་པའི་ཁྱད་ལྡན་སྐྱེ་དངོས་ཤིག་དང་བོད་རིགས་སྤུན་ཟླའི་ཉིན་རྒྱུན་བཅུད་ལྡན་ཟས་རིགས་ཤིག་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་ལས་ཀྱི་གཙོ་ཁྲིད་ཐོན་ལས་དང་། བཟོ་ལས་དང་གཟན་ཆག་ལས་སྣོན་ལས་རིགས་ཀྱི་མ་བཅོས་རྒྱུ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། འཚོ་བཅུད་འཕྲོད་སྦྱོར་རིགས་ཀྱི་ཐོན་རྫས་གསར་སྤེལ་བྱེད་པའི་གཞོན་སྐྱེས་ཐོན་ལས་ཤིག་ཏེ། མཚོ་བོད་ས་མཐོའི་མི་རིགས་མཐུན་སྒྲིལ་རྒྱུན་འཛིན་དང་། ཀྲུང་ཧྭའི་ཞིང་ལས་དཔལ་ཡོན་རྒྱུན་མཐུད། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ས་མཐོའི་ཞིང་ལས་རིག་གནས་ཤིག་ཡིན།

ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ནས་འབྲུ་དེ་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་གཙོ་ཁྲིད་ཀྱི་དགེ་མཚན་ལྡན་པའི་ཐོན་ལས་ཉག་གཅིག་ཡིན་པ་གཏན་འཁེལ་བྱས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་དབུལ་ནག་ས་ཁུལ་གྱི་ཐོན་ལས་གཙོ་བོའི་གྲས་སུ་བཅུག་ནས་ཐོན་ལས་མཛུབ་ཁྲིད་དང་། ལག་རྩལ་རོགས་སྐྱོར། གཉེར་ཚོང་རོགས་སྐྱོར། སྤུས་ལེགས་ཚོང་རྟགས་བསྐྲུན་པ་སོགས་ཀྱི་ཐད་ལ་སྤྱི་འདོམས་གང་ལེགས་བྱས། ཤེས་རྟོགས་བྱུང་བ་ལྟར་ན། ད་སྔ་མཚོ་སྔོན་ཞིང་ཆེན་གྱི་ནས་ཀྱི་ཐོན་ལས་འཕེལ་རྒྱས་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་གནས་ཤིང་། ལས་སྣོན་ཆུ་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་བསླེབས་པ། རྟེན་གཞི་འཛུགས་སྐྲུན་གྱི་གཞི་ཁྱོན་རགས་ཙམ་ལྡན་ལ། ཞིང་པས་ནས་འདེབས་འཛུགས་ལ་སྤྲོ་བ་ཆེ་བའི་རྨང་གཞི་བརྟན་པོ་ལྡན་པ་རེད།

ད་ཐེངས་མཚོ་སྔོན་གྱི་ནས་ཐོན་ལས་མནའ་འབྲེལ་བཙུགས་པ་ནི་རྒྱལ་ཁབ་ཀྱི་ལྗང་མདོག་ཞིང་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་འཚམ་ཞིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བླང་བྱ་དང་མཐུན་པ། རྒྱ་ཆེའི་གྲོང་གསེབ་དང་འབྲོག་ཁུལ་གྱི་དགོས་མཁོ་དང་མཐུན་པ། ནས་ཐོན་སྐྱེད་ལས་སྣོན་ཁེ་ལས་ཀྱི་རེ་སྒུག་དང་མཐུན་པས་ན། མནའ་འབྲེལ་ཚོགས་པས་ལེགས་ཆ་གཅིག་སྡུད་དང་ཚོགས་པའི་རྣམ་པས་རྒྱལ་ནང་གི་ལས་རིགས་གཅིག་པའི་ནས་ཀྱི་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏང་རྒྱུ་དང་། ཞིང་ཆེན་ཡོངས་ཀྱི་ནས་ཀྱི་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ནས“སྣོད་བཅུད་མཚོ་སྔོན། སྔར་བས་ལེགས་པའི་སྒོ་ནས་ལྗང་མདོག་ཞིང་ལས”འཛུགས་སྐྲུན་ལ་ཞབས་འདེགས་ལེགས་པོ་བསྒྲུབ་རྒྱུ་མ་ཟད། སྤུས་གཙང་ལ་ཕུགས་རིང་བོའི་ནས་ཐོན་ལས་འཕེལ་རྒྱས་ལ་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཏེ་མཚོ་སྔོན་གྱི་ནས་ཀྱི་ཐོན་ལས་འཕེལ་རྒྱས་དེ་མྱུར་བགྲོད་ལམ་དུ་ཞུགས་པར་སྐུལ་འདེད་གཏང་རྒྱུ་རེད།

ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གི་ཐིང་ཀྲང་ཝང་ཡུས་ཧུའུ་ཡིས་འདི་སྐད། ད་ཐེངས་ཀྱི་ཚོགས་ཆེན་བརྒྱུད་རིགས་གཅིག་མཁས་ཅན་དང་སྤུན་ཟླ་རྣམས་ཀྱི་བློ་གྲོས་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱི་ནས་ཀྱི་ཐོན་ལས་ལ་དཔྱད་པ་ལེགས་པོ་བཏང་ཞིང་ཇུས་བཟང་བཏོན་པས། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་དམ་འཛིན་ལས་ཀུན་གྱི་གཙོ་བོར་འཛིན་པ་དང་། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བརྩི་བ། ཐོན་འཕར་གྱི་ཁ་ཕྱོགས་སྤུས་བཟང་མཐོར་འདེགས་ཀྱི་ཕྱོགས་སུ་བསྒྱུར་བ་བཅས་ཐོན་ལས་འཕེལ་རྒྱས་སྤུས་ལེགས་ཡོང་བར་སྐུལ་འདེད་གཏང་ཐུབ་ཟེར།

ཚོགས་ཆེན་འཚོག་རིང་དེ་གར་ཡོད་པའི་ཁེ་ལས18ཀྱིས་ཐོན་སྐྱེད་དང་བྲིན་ཚོང་སྦྲེལ་མཐུད་ཀྱི་གན་རྒྱ་རིམ་བཞིན་བཞག་པ་རེད། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་ཚན་པ་ཁག་གི་འཐུས་མི་ཡུལ་དངོས་སུ་ཕེབས་ནས་ནས་ཐོན་ལས་འཕེལ་རྒྱས་ཀྱི་ཇུས་ཆེན་འགོད་པའི་ཐད་ལ་མཉམ་གྲོས་མཛད།

ཁོན་ཐར་འཚོས་བསྒྱུར།