“རྡོ་ལེབ་ཚ་པོའི་ཐོག་གི་གྲོག་མ་”ཐེངས་མང་ཙམ་བྱེད་དགོས།

མ་ལི་ཅོན།

“རྡོ་ལེབ་ཚ་པོའི་ཐོག་གི་གྲོག་མ་”ནི་མི་སུ་ཞིག་གིས་ཀྱང་བྱེད་མི་འདོད་མོད། འོན་ཀྱང་དངོས་ཡོད་ཁྲོད་མི་ཚང་མར་ཐག་གཅོད་དཀའ་བའི་གནད་དོན་དང་འཕྲད་སྲིད། མི་ཕལ་ཆེར་བས་“རྡོ་ལེབ་ཚ་པོའི་ཐོག་གི་གྲོག་མ་”ཐེངས་འགའ་ཞིག་བྱས་མྱོང་ནའང་ཐང་། ཤིང་སྡོང་ཞིག་གིས་ངེས་པར་དུ་རླུང་གཡོ་དང་ཆར་རྡུང་། ཉིན་སྲེག འབུས་གནོད་བཅས་ཀྱི་འགྲན་སློང་བརྒྱུད་ན་ད་གཟོད་གནམ་ལ་སྙེག་པའི་སྡོང་ཆེན་ཞིག་ཏུ་འགྱུར་ཐུབ། ལས་བྱེད་པ་ཞིག་ཡིན་ནའང་དེ་ལས་མ་འདས། དཀའ་ངལ་དང་གཏན་ཤུགས། འདུ་ཤེས་བཅས་ཀྱི་ཉམས་སད་ཐེག་ཐུབ་ན་ད་གཟོད་ཚད་དང་ལྡན་པའི་ལས་བྱེད་པ་ཞིག་ཡིན་པ་སྨོས་ཅི་དགོས། དེར་བརྟེན། དུས་རབས་གསར་པའི་ཏང་ཡོན་ལས་བྱེད་པས་ཧུར་ཐག་རང་རྟོགས་སྒོས་“རྡོ་ལེབ་ཚ་པོའི་ཐོག་གི་གྲོག་མ་”བྱེད་པ་དང་། “རྡོ་ལེབ་ཚ་པོའི་”དཀའ་སྡུག་མང་ཙམ་མྱོང་ལ། “གོམ་འགྲོས་འཁྱར་འཁྱོར་”མང་ཙམ་བརྒྱུད་པ། “སེམས་ཁྲལ་འཛིན་པའི་”བསམ་པའི་འགྲན་སློང་བརྒྱུད་ན། རང་ཉིད་དེ་དཀའ་ལས་མང་པོའི་ཁྲོད་དུ་སྦྱོང་བརྡར་བྱས་ནས་འཚར་ལོངས་བྱུང་ཐུབ།

“རྡོ་ལེབ་ཚ་པོའི་ཐོག་གི་གྲོག་མ་”སྟེ། ཕྱོགས་གཅིག་ནས་“རྡོ་ལེབ་ཚ་པོའི་”ཐོག་སྲོ་དགོས་ལ། འདི་ནི་ལུས་པོའི་ཐོག་གི་སྡུག་བསྔལ་ཡིན་པ་མ་ཟད། ད་དུང་བསམ་པའི་ཐོག་གི་འགྲན་སློང་ཚབས་ཆེན་ཡང་ཡིན། ཕྱོགས་གཞན་ཞིག་ནས། འགྲན་སློང་འདི་འདྲ་བརྒྱུད་ན། རྡོ་ལེབ་ཚ་པོའི་ཐོག་གི་“གྲོག་མ་”ཡིས་ད་དུང་ཐབས་ཤེས་དྲན་ནས་“རྡོ་ལེབ་ཀྱི་མཐའ་སྣེ་”ལ་སླེབས་པར་བརྩོན་ནས་ཧུར་ཐག་སྒོས་ཆེས་མཐོ་བའི་ཞིང་ཁམས་སུ་སླེབས་པར་འབད་འབུངས་བྱས་པ་རེད། དེ་ལས་མཐོང་ཐུབ་པ་ཞིག་སྟེ། “རྡོ་ལེབ་ཚ་པོའི་ཐོག་གི་གྲོག་མ་”ལ་དཀའ་ངལ་མང་པོ་འཕྲད་པ་དང་གནོན་ཤུགས་ཧ་ཅང་ཆེ་བས་སྡུག་བསྔལ་མང་པོ་མྱོང་དགོས། དེར་བརྟེན། དངོས་ཡོད་ཀྱི་ལས་དོན་ཁྲོད། ལས་བྱེད་པ་འགའ་ཞིག་གིས་ལས་འགན་ལྗིད་པོ་ལས་གཡོལ་ཞིང་ལས་འགན་ཡང་མོ་དེ་འཁུར། “བགྲོད་ལམ་ལ་བསྐོར་ནས་འགྲོ་བ་”དང་། སེམས་གཅིག་གིས་ཞི་བདེའི་དཔོན་པོ་བྱེད་འདོད་པ་དང་། “དོན་དག་མང་བ་ལས་དོན་དག་ཉུང་ན་དགའ། དོན་དག་ཉུང་བ་ལས་དོན་དག་མ་སྒྲུབ་ན་དགའ།” “ལག་བསྲེགས་ཞོག་ཁོག་”ལ་ཐུག་མ་དགོས་ན་ཐུག་མི་འདོད་པ་དང་། “ཉིན་གཅིག་སྐྱིད་ན་སྐྱིད་པོ་ཡིན་པ་”ལ་སོགས་པའི་ལས་གནས་ཀྱི་རྩ་དོན་སྲུང་བས། “སེམས་བདེའི་ལས་བྱེད་པ་”དང་“ཞི་བདེའི་དཔོན་པོ་”མང་དུ་བྱུང་དང་འབྱུང་བཞིན་ཡོད། དེ་འདྲ་ཡིན་ཚེ། ལོ་རྒྱུས་ཀྱི་ལས་འགན་ལྗིད་མོ་འཁུར་ཐུབ་རྒྱུ་མ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྩ་འཛུགས་ལས་དོན་སྐོར་གྱི་ཚོགས་འདུའི་ཐོག་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་ན། འགག་རྩ་ནི་ཏང་ལ་ཐུག་པ་དང་འགག་རྩ་ནི་མི་ལ་ཐུག་ཡོད། མཐའ་གཏུགས་ནས་བཤད་ན་མི་རབས་ནས་མི་རབས་བར་ཡིད་རྟེན་རུང་བའི་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས། “ཡིད་རྟེན་རུང་བ་”དེ་གང་ནས་བསྒྲུབ་དགོས་སམ་ཞེ་ན། “རྡོ་ལེབ་ཚ་པོའི་ཐོག་གི་གྲོག་མ་”ནས་འགོ་བརྩམས་ཏེ་སྒྲུབ་དགོས། སྡུག་བསྔལ་དང་སྦྱོང་བརྡར་བརྒྱུད་པའི་རྗེས་ནས་འཇོན་ཐང་འཕེལ་བ་དང་འཇོན་ཐང་སྦྱོང་བརྡར་ཐུབ་ལ་ཤེས་རབ་ཀྱང་འཕེལ་ཐུབ།

དྲོད་ཁང་ནང་ནས་གནམ་ལ་སྙེག་པའི་སྡོང་ཆེན་སྐྱེས་མི་ཐུབ་ལ། ལྷས་རའི་ནང་ནས་ཅང་ཤེས་རྟ་ཕོ་གསོ་མི་ཐུབ། ཏང་ཡོན་ལས་བྱེད་པའི་ངོས་ནས་བཤད་ན། “རྡོ་ལེབ་ཚ་པོ་”ནི་གོ་གནས་དཀའ་གནད་ཅན་དང་གོ་གནས་གལ་འགངས་ཅན། དོན་དག་ཚབས་ཆེན་དང་དོན་དག་ཁག་པོ། གཞི་རིམ་གྱི་དཀའ་སྤྱད་ཁོར་ཡུག་བརྒྱུད་པའི་ལག་ལེན་གྱི་སྦྱོང་བརྡར་ཡིན། རིམ་པ་སོ་སོའི་རྩ་འཛུགས་ཀྱིས་འབྲེལ་བ་འཛུགས་པ་དང་། རྗེས་སུ་འབྲངས་ནས་གསོ་སྦྱོང་བྱེད་པ། འདུ་ཤེས་ལྡན་པ་དང་འཆར་གཞི་ལྡན་པའི་སྒོ་ནས་ལས་བྱེད་པར་ཚད་མཐུན་གྱི་“རྡོ་ལེབ་ཚ་པོ་”གྲ་སྒྲིག་བྱས་ནས། ཁོ་ཚོ་ལ་དེའི་སྟེང་དུ་སྦྱོང་བརྡར་བྱེད་བཅུག་པ་དང་དཀའ་ངལ་བརྒྱུད་ནས་ཉམས་སད་ཐེག་ཏུ་འཇུག་དགོས།

ལས་བྱེད་པར་“རྡོ་ལེབ་ཚ་པོ་”ཡི་ཐོག་འགྲོ་བའི་སྤོབས་པ་དང་འཇོན་ཐང་ཡོད་དགོས་ལ། དཀའ་ངལ་ལ་མི་འཇིགས་པ་དང་སྟོབས་ཤུགས་སྒྲིམ་ནས་དཀའ་བ་དང་དུ་བླངས་ཕོད་པ་དང་། དཀའ་ཚེགས་དང་གནད་དོན་ལ་ཁ་གཏད་འཇལ་ཐུབ་པ། “རྡོ་ལེབ་ཚ་པོའི་”ཐོག་འགྲེ་ལོག་རྒྱག་པ་དང་བསམ་པའི་ཐོག་འགྲེ་ལོག་ཡང་ཡང་བརྒྱབ་ནས་སྡུག་བསྔལ་མྱོང་སྟེ་དཀའ་གནད་ལ་ཁ་གཏད་འཇལ་ཐུབ་པ་དང་གནད་དོན་ཐག་གཅོད་གཏོང་བའི་ཡིད་ཆེས་དང་རིམས་འགོག་ནུས་ཤུགས་ཇེ་མཐོར་གཏོང་དགོས། དུས་མཚུངས་སུ། སེམས་དལ་བག་ཕེབས་ཀྱིས་རང་རྟོགས་སྒོས་“རྡོ་ལེབ་ཚ་པོའི་ཐོག་གི་གྲོག་མ་”བྱེད་དགོས་པ་དང་། རང་ཉིད་ཀྱི་གོ་གནས་གནད་འཁེལ་འཚོལ་ནས་རྣམ་འགྱུར་ཡང་དག་འཛིན་པ་དང་། གཞན་ལ་འཁང་ར་མི་བྱེད་པ་དང་སྒྱིག་ལུག་མི་བྱེད་པ། འགལ་ཟླ་དང་དཀའ་ངལ་དེ་དག་ལ་ཞིབ་བཤེར་བྱེད་ཐབས་ཐིག་པོ་བྱས་ཏེ། བློ་སེམས་གཅིག་སྒྲིམ་དང་ཐབས་བརྒྱ་ཇུས་སྟོང་གིས་མཐོ་སའི་“རྡོ་ལེབ་ཚ་པོའི་མཐའ་སྣེར་”སླེབས་པ་དང་། “རྡོ་ལེབ་ཚ་པོའི་མཐའ་སྣེ་”བརྒལ་ནས་ཆ་ཚང་བའི་མི་ཚེ་ལེགས་པོ་བསྐྲུན་དགོས།

བློ་བཟང་ལྷ་མོས་བསྒྱུར།