འབད་འབུངས་ཆེན་པོས་མདུན་དུ་བསྐྱོད་པ་དང་གསར་གཏོད་གསར་དུ་སྤེལ་ནས།ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་བསུ་དགོས།

ལོ་གསར་པའི་དུང་བརྡ་ཀྲུང་གོའི་ས་གཞི་ཆེན་པོའི་སྟེང་དུ་གྲག་པ་དང་། རེ་བ་དང་ཕུགས་འདུན་བཅངས་པའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲུ་གཟིངས་ཆེན་པོས་རྦ་རླབས་གཤགས་ཏེ་འོད་སྟོང་འབར་བའི་2019ལོའི་ཕྱོགས་སུ་བསྐྱོད་པ་རེད།

འདས་མ་ཐག་པའི་2018ལོ་ནི་རང་རྒྱལ་གྱིས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བའི་ལོ་ཡིན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་འགོ་ཚུགས་ཀྱི་ལོ་ཡང་ཡིན་པས། ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་ལོ་རྒྱུས་བརྒྱུད་རིམ་ཁྲོད་ཧ་ཅང་གལ་ཆེ་བའི་དོན་སྙིང་ལྡན། འདས་ཟིན་པའི་ལོ་གཅིག་ལ་ཕྱི་བལྟས་བྱས་ཚེ། སྔོན་དཔག་བྱས་ཐུབ་པ་དང་སྔོན་དཔག་བྱས་མི་ཐུབ་པའི་རྙོག་དྲ་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་འགྱུར་ལྡོག་མདུན་དུ་ལྷགས་པ་དང་། རྙོག་དྲ་དཀའ་ཚེགས་ཆེ་བའི་རྒྱལ་ནང་གི་སྒྱུར་བཅོས་འཕེལ་རྒྱས་བརྟན་བརླིང་བཅས་ཀྱི་ལས་འགན་མདུན་དུ་ལྷགས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོའི་མི་དམངས་དུང་ཕྱུར་13ལྷག་གིས་རྒྱལ་ཁ་ཐོབ་ངེས་པའི་ཆོད་སེམས་བཅངས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་ཐོག་གཏན་འཁེལ་བྱས་པའི་རླབས་ཆེའི་དམིགས་འབེན་གྱི་ཕྱོགས་སུ་ཏན་ཏིག་ངང་མདུན་དུ་བསྐྱོད་པ་དང་། བྱེད་ཚུལ་གསར་པས་རྣམ་པ་གསར་པར་སྐུལ་བ་དང་། འཐབ་རྩོད་གསར་པས་གནས་བབ་གསར་པའི་སྒོ་ཕྱེ་བ་རེད། ལོ་འདིར། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་གདངས་གཞི་གཙོ་བོ་རྒྱུན་འཁྱོངས་བྱས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་ཅིང་། སྤུས་ཚད་མཐོ་པོའི་འཕེལ་རྒྱས་ཀྱི་བླང་བྱ་ལ་གཞིགས་ནས། ཕན་ནུས་ལྡན་པའི་སྒོ་ནས་ཕྱི་ཕྱོགས་ཀྱི་ཁོར་ཡུག་གི་འགྱུར་ལྡོག་ཟབ་མོ་ལ་ཁ་གཏད་འཇལ་བ་དང་། དཀའ་ངལ་ལ་མ་འཛེམ་པར་མདུན་དུ་བསྐྱོད་ནས་ལས་དོན་ཏན་ཏིག་བསྒྲུབས་པས། ཆེ་མཐོང་གི་སྙོམས་སྒྲིག་དམིགས་འབེན་ཅུང་ལེགས་པོ་འགྲུབ་པ་དང་། མཁྲེགས་གཏོར་གྱི་དམག་འཐབ་ཆེན་པོ་གསུམ་གྱི་འགོ་ལེགས་པོ་ཚུགས་ལ། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་མོའི་ངང་སྐུལ་སྤེལ་གཏོང་བ་དང་། བརྟན་པོའི་ངང་ཀྲུང་གོ་དང་ཨ་རིའི་ཉོ་ཚོང་ནང་རྩོད་ལ་ཁ་གཏད་འཇལ་ཐུབ་ནས། དཔལ་འབྱོར་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་ཡོང་བ་རྒྱུན་འཁྱོངས་བྱས་ཡོད། ལོ་འདིར། སྒྱུར་བཅོས་སྒོ་འབྱེད་མུ་མཐུད་ནས་ཇེ་ཟབ་སྤེལ་བ་དང་། སྒོ་འབྱེད་བྱས་ཚད་རྒྱུད་མཐུད་དུ་ཤུགས་ཆེར་ཕྱིན་ཡོད། རྒྱལ་ཁབ་ཀྱི་ལྟ་ཞིབ་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། སྲིད་གཞུང་གི་ལས་ཁུངས་སྒྲིག་འཛུགས་དང་འགན་ནུས་སྒྲིག་བཀོད་ལེགས་འགྱུར་བཏང་སྟེ། རུས་པ་སྲ་མོ་འབྲད་པའི་སྒྱུར་བཅོས་ལ་ངོ་བོ་རང་བཞིན་གྱི་གོམ་པ་ཞིག་སྤོས་ཡོད། དཔྱ་ཁྲལ་ཆག་ཡག་དང་རིན་གོང་ཆག་པའི་སྲིད་ཇུས་བྱེད་ཐབས་དུ་མ་བཏོན་ནས། དམངས་ཁྲོད་ཀྱི་མ་རྩ་དེ་འགྲིམ་འགྲུལ་དང་ནུས་ཁུངས། ཁོར་ཡུག་སྲུང་སྐྱོང་ལ་སོགས་པའི་གནད་ཆེའི་ཁྱབ་ཁོངས་ཀྱི་བླང་བྱ་དམའ་རུ་གཏོང་བ་དང་། མང་ཚོགས་དང་ཁེ་ལས་ལ་ཞབས་འདེགས་ཞུ་བའི་སྒྱུར་བཅོས་ལ་མུ་མཐུད་ནས་ཁེ་སྤོགས་ཐོབ་ཡོད། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་ཐེངས་དང་པོ་དེ་བདེ་བླག་ངང་སྤེལ་བ་དང་། སྒོ་འབྱེད་རྒྱ་ཆེར་གཏོང་བའི་གོམ་པ་བརྟན་པོ་ཡིན་ལ་བྱེད་ཐབས་དངོས་ཡོད་དུ་གྱུར། ལོ་འདིར། དམངས་འཚོའི་ལས་དོན་ལ་མངོན་གསལ་དོད་པོའི་ལེགས་བཅོས་བྱུང་བ་དང་། སྤྱི་ཚོགས་ཀྱི་ཁྱོན་ཆེན་བརྟན་བརླིང་དང་མཐུན་སྦྱོར་རྒྱུན་འཁྱོངས་བྱས་ཡོད། དབུལ་བྲལ་མཁྲེགས་གཏོར་བྱེད་ཚད་མུ་མཐུད་ནས་རྒྱ་ཆེར་གཏོང་བ་དང་། གྲོང་གསེབ་དར་རྒྱས་ཕྱིན་པར་གོམ་པ་བརྟན་པོ་སྤོ་བ་དང་། ནག་སེལ་ངན་གཏོར་གྱི་ཆེད་དམིགས་འཐབ་རྩོད་ཏན་ཏིག་ངང་སྐུལ་འདེད་གཏོང་བ་སོགས། དམངས་ཕན་བྱེད་ཐབས་འདི་དག་ས་གཞིའི་སྟེང་གནད་དུ་འཁེལ་བར་ཚུགས་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་ཉིན་རེ་བཞིན་ཇེ་མཐོར་སོང་བས། མི་དམངས་མང་ཚོགས་ནི་ཡིད་ཚིམ་པའི་དགོད་སྒྲའི་ཁྲོད་གནས་ཡོད་པ་དང་། མི་དམངས་མང་ཚོགས་ནི་སེམས་སྤྲོ་བའི་གླུ་སྐད་ཁྲོད་འཚོ་ཡོད། མི་དམངས་མང་ཚོགས་ཀྱི་སེམས་སྒྲ་ནི་ཏང་དང་རྒྱལ་ཁབ་ཀྱི་སྣང་བརྙན་དང་གནས་བབ་མཚོན་པའི་ཆེས་དབང་གྲགས་ལྡན་པའི་འགྲེལ་བཤད་ཡིན།

དཔྱིད་ཀར་མེ་ཏོག་བཞད་ཅིང་སྟོན་དུས་འབྲས་བུ་སྨིན། ལོ་གཅིག་གི་རིང་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། འདས་ཟིན་པའི་ལོ་གཅིག་རིང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གང་ཅིའི་ཐད་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་ལ། དེ་ནི་རྒྱལ་ཕྱི་ནང་གི་གནས་བབ་ལ་འགྱུར་ལྡོག་གཏིང་ཟབ་དང་རྙོག་དྲ་འབྱུང་བཞིན་པ་དང་། ཉེན་ཁའི་འགྲན་སློང་སྣ་ཚོགས་འབྱུང་བཞིན་པའི་རྒྱབ་ལྗོངས་ཀྱི་འོག་ཏུ་ཐོབ་པ་ཞིག་རེད། གྲུབ་འབྲས་ནི་ཐོབ་དཀའ་བ་ཞིག་ཡིན་ལ། འགག་རྩ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཁ་ཕྱོགས་བསྟན་ནས་སྣེ་ཁྲིད་བྱས་པ་དང་དར་ཆ་བསྒྲེངས་ནས་ཁ་ཕྱོགས་གཏན་འཁེལ་བྱས་པར་རག་ལས། དེ་ཡང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ཁྲིད་སྟོན་བྱས་པ་ལ་རག་ལས། ལག་ལེན་ལས་བདེན་དཔང་བྱུང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལ་སྟོབས་ཆེའི་བདེན་དོན་གོ་སྐོན་འགུག་ནུས་དང་རིན་ཐང་འབོད་སྐུལ་ཐེབས་ནུས། བརྩེ་སེམས་གོང་བུར་འདྲིལ་ནུས་དང་བྱ་སྤྱོད་ཁྲིད་སྟོན་བྱེད་ནུས་བཅས་ལྡན་ལ། དུས་རབས་21པའི་མར་ཁེ་སི་རིང་ལུགས་དང་། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་ཀྱི་གཅིག་སྡུད་མཚོན་བྱེད་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཁ་ཕྱོགས་བསྟན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱས་ན། ང་ཚོས་ངེས་པར་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པས་གཏན་འཁེལ་བྱས་པའི་འཐབ་ཇུས་བཀོད་སྒྲིག་བདེ་བླག་ངང་འགྲུབ་ཐུབ་པ་དང་། ཆེས་མཐའ་མར་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་ངེས་རེད།

མིག་སྔར། འཛམ་གླིང་གིས་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་ལ་ཁ་གཏད་འཇལ་དགོས། གཏིང་ཟབ་མོའི་སྒོ་ནས་འགྱུར་ལྡོག་ཆེན་པོ་འདིའི་གནས་བབ་ལ་གོ་བ་ཟབ་མོ་ལེན་དགོས་ན། གཞི་རྩའི་རྐང་ཚུགས་ས་དང་མངོན་གསལ་དུ་མཐོང་དགོས་པ་ཞིག་ནི་ཞི་བདེ་དང་འཕེལ་རྒྱས་ནི་སྔར་བཞིན་དེང་སྐབས་འཛམ་གླིང་གི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཡིན།

རང་རྒྱལ་གྱི་འཕེལ་རྒྱས་ནི་སྔར་བཞིན་ད་དུང་དུས་ཡུན་རིང་པོའི་ནང་གལ་ཆེ་བའི་འཐབ་ཇུས་གོ་སྐབས་ཀྱི་དུས་སྐབས་ནང་ཚུད་རྒྱུ་རེད། གོ་སྐབས་ནི་སྔར་ཡོད་མ་མྱོང་བ་ཞིག་ཡིན་ལ། འགྲན་སློང་ཡང་སྔར་ཡོད་མ་མྱོང་བ་ཞིག་ཡིན། འགག་རྩ་ནི་གོ་སྐབས་དམ་འཛིན་བྱས་ནས་འཕེལ་རྒྱས་ཆེན་པོ་གཏོང་རྒྱུ་དང་། འགག་རྩ་ནི་ཉེན་ཁ་དེ་གོ་སྐབས་སུ་བསྒྱུར་མཁས་དགོས། གལ་ཆེ་བའི་འཐབ་ཇུས་གོ་སྐབས་ཀྱི་ནང་དོན་གསར་པ་ལ་དམ་པོར་དམིགས་ནས། གནོན་ཤུགས་དེ་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་བའི་སྒུལ་ཤུགས་སུ་བསྒྱུར་དགོས། རྩོད་སྒྲུབ་ཀྱིས་མིག་སྔར་གྱི་དཔལ་འབྱོར་གནས་བབ་ལ་ལྟ་དགོས་པ་དང་། ཕྱོགས་གཅིག་ནས་དཔལ་འབྱོར་འགུལ་སྐྱོད་བརྟན་པོའི་ཁྲོད་འགྱུར་བ་དང་། འགྱུར་བའི་ཁྲོད་སེམས་ཁྲལ་ཡོད་པ། ཕྱི་ཕྱོགས་ཀྱི་ཁོར་ཡུག་རྙོག་དྲ་དང་ཚབས་ཆེན་ཡིན་ལ། དཔལ་འབྱོར་མར་ཆག་པའི་གནོན་ཤུགས་ལྡན། སེམས་ཁྲལ་གྱི་འདུ་ཤེས་ཇེ་དྲག་གཏོང་བ་དང་། གཙོ་བོའི་འགལ་ཟླ་དམ་འཛིན་བྱས་ནས། དམིགས་གཏད་རང་བཞིན་ལྡན་པའི་སྒོ་ནས་ཐག་གཅོད་གཏོང་དགོས། ཕྱོགས་གཞན་ཞིག་ནས་དེ་ལས་མཐོང་དགོས་པ་ཞིག་ནི། རང་རྒྱལ་གྱི་འཕེལ་རྒྱས་ལ་མཉེན་ཆ་ཆེན་པོ་ལྡན་པ་དང་། ཤུགས་ཆེའི་མི་མངོན་པའི་སྟོབས་ཤུགས་ལྡན། དཔལ་འབྱོར་དུས་ཡུན་རིང་པོའི་ནང་ལེགས་ཕྱོགས་སུ་འཕེལ་བའི་གནས་བབ་ལ་འགྱུར་ལྡོག་མེད། མ་འོངས་པར་འགྱུར་བ་མེད་པའི་ཆོད་སེམས་ཀྱིས་ཁེངས་ཡོད།

ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་ཡིན་ལ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན། དཔལ་འབྱོར་ལས་དོན་ལེགས་པོ་སྒྲུབ་པ་ནི་ཧ་ཅང་གལ་ཆེ། བློ་བརྟན་འགྱུར་མེད་ངང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་སྐོར་གྱི་ཚོགས་འདུའི་ཐོག་གཏན་འཁེལ་བྱས་པའི་བཀོད་སྒྲིག་རྣམས་ལག་བསྟར་དོན་འཁྱོལ་ལེགས་པོ་བྱེད་དགོས་པ་དང་། སྟོབས་ཤུགས་ཡོད་རྒུས་ལོ་ཧྲིལ་པོའི་དཔལ་འབྱོར་ལས་དོན་ལེགས་པོ་སྒྲུབ་དགོས། ཆེས་གཞི་རྩ་ནི། བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱེད་དགོས་ལ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་པ་དོན་འཁྱོལ་བྱེད་པ་དང་། གཅིག་འགྱུར་སྒོས་“ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་ལ་སྐུལ་འདེད་གཏོང་བ་དང་། མཐུན་འགྲིག་ངང་“ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་བཀོད་པ་ལ་སྐུལ་འདེད་གཏོང་དགོས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་གདངས་གཞི་གཙོ་བོ་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས། སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་དེ་གཙོ་ཐིག་ཏུ་བཟུང་རྒྱུ་རྒྱུན་འཁྱོངས། ཚོང་ར་ཅན་གྱི་སྒྱུར་བཅོས་ཇེ་ཟབ་སྤེལ་བ་དང་ཆུ་ཚད་མཐོ་པོའི་སྒོ་འབྱེད་རྒྱ་ཆེར་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས། མུ་མཐུད་ནས་མཁྲེགས་གཏོར་གྱི་དམག་འཐབ་ཆེན་པོ་གསུམ་ལེགས་པོ་རྒྱག་པ་དང་། ནུས་ཤུགས་ཆེན་པོས་ཕྲ་མཐོང་གཙོ་གནས་གསོན་ཤུགས་སྐུལ་སློང་བྱེད་ཅིང་། ཆེ་ཐོག་སྙོམས་སྒྲིག་གསར་གཏོད་དང་ལེགས་བཅོས་གཏོང་བ། གཅིག་འགྱུར་སྒོས་ཡོང་འབབ་བརྟན་འཕེལ་དང་སྒྱུར་བཅོས་སྐུལ་སྤེལ། གྲུབ་ཚུལ་སྙོམས་སྒྲིག དམངས་འཚོར་ཕན་པ། ཉེན་ཁ་འགོག་པའི་ལས་དོན་བཅས་ལ་སྐུལ་འདེད་གཏོང་དགོས། དཔལ་འབྱོར་འགུལ་སྐྱོད་དེ་ཚད་མཐུན་གྱི་ཁྱབ་ཁོངས་ནང་རྒྱུན་འཁྱོངས་བྱེད་པ་དང་། མུ་མཐུད་ནས་ལས་ཞུགས་བརྟན་པོ་དང་དངུལ་རྩ་བརྟན་པོ། ཕྱི་འཚོང་བརྟན་པོ། ཕྱི་དངུལ་བརྟན་པོ། མ་འཇོག་བརྟན་པོ། སྔོན་དཔག་བརྟན་པོར་བྱེད་དགོས། ཚོང་རའི་ཡིད་ཆེས་བརྟན་པོར་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་ཇེ་མཐོར་གཏོང་དགོས། དཔལ་འབྱོར་རྒྱུན་མཐུད་དུ་བདེ་ཐང་འཕེལ་རྒྱས་དང་སྤྱི་ཚོགས་ཁྱོན་ཆེན་བརྟན་པོ་ཡོང་བ་རྒྱུན་འཁྱོངས་དང་། བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་གི་དཔལ་འབྱོར་གནས་བབ་ཀྱི་བརྡར་གཅོད་ཐོག་གཅིག་འགྱུར་བྱས་པ་དང་། ཀྲུང་དབྱང་གི་ཇུས་གཅོད་བཀོད་སྒྲིག་ཐོག་སླེབས་ཤིང་། ཆེ་མཐོང་གི་ཆབ་སྲིད་ཐོག་འཁོར་རྒྱུག་དང་མི་མཐུན་པའི་སྙོམས་སྒྲིག་ཇེ་དྲག་བཏང་སྟེ། མུ་མཐུད་དུ་ཧུར་ཐག་གི་ནོར་སྲིད་སྲིད་ཇུས་དང་བརྟན་འཕེལ་གྱི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱེད་པ་དང་། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་དེ་གཙོ་ཐིག་ཏུ་བཟུང་བ་གཡོ་འགུལ་མི་བྱེད་པའི་ཐོག སྲ་བརྟན་གཏོང་བ་དང་ཤུགས་ཆེར་གཏོང་བ། མཐོར་འདེགས་གཏོང་བ། བདེ་བགྲོད་ཡོང་བ་བཅས་ཀྱི་ཡིག་འབྲུ་ཆེན་པོ་8ཀྱི་ཐོག་ཏུ་འབད་བརྩོན་བྱས་ཏེ། བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་ཡོང་བ་ལ་སྐུལ་འདེད་གཏོང་བ་དང་། སྟོབས་ཆེའི་རྒྱལ་ནང་ཚོང་ར་ཆགས་པར་སྐུལ་སྤེལ་གཏོང་བ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་སྐུལ་འདེད་ཏན་ཏིག་གཏོང་བ། ཁྱབ་ཁོངས་མཐུན་འགྲིག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་ལམ་ལུགས་ཀྱི་སྒྱུར་བཅོས་མགྱོགས་སུ་གཏོང་བ། ཕྱོགས་ཡོངས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། འགན་ལེན་ཤུགས་སྣོན་དང་དམངས་འཚོ་ལེགས་བཅོས་ལ་སོགས་པའི་གཙོ་གནད་ཀྱི་ལས་ཀའི་ལས་འགན་དམ་འཛིན་ལེགས་པོ་བྱེད་དགོས།

ཀྲུང་གོའི་མི་དམངས་ཀྱིས་ད་མ་ཐག་གཟབ་རྒྱས་ངང་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུས་ཡོད། ལོ་ངོ་40ཡི་ལོ་ཟླའི་ནང་། ལོ་ངོ་40ཡི་འབད་འབུངས་བརྒྱུད་ཡོད། ལོ་རྒྱུས་ལས་བདེན་དཔང་གསལ་པོ་བྱུང་དོན། སྒྱུར་བཅོས་སྒོ་འབྱེད་ནི་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་རླབས་ཆེ་བའི་གསར་བརྗེ་ཐེངས་ཤིག་ཡིན་པ་དང་། དེང་རབས་ཀྲུང་གོའི་ལས་བསྐལ་གཏན་འཁེལ་བྱས་པའི་འགག་རྩའི་ཐབས་ལམ་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་པའི་འགག་རྩའི་ཐབས་ལམ་ཞིག་ཀྱང་ཡིན། ང་ཚོས་རི་ཀླུང་མང་པོ་བརྒལ་ནས་འགྲོ་མྱོང་ལ། དེ་རིང་ཡང་སྔར་བཞིན་ལ་བརྒྱབ་ཆུ་བརྒལ་བྱེད་དགོས། དེ་རིང་གི་ལས་དོན་ཁག་རྣམས་ལེགས་པོ་སྒྲུབ་དགོས་ན། ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོ་བཅངས་ནས། སྒྱུར་བཅོས་སྒོ་འབྱེད་དེ་མཐའ་གཏུགས་ནས་སྤེལ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་“ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་དགུ་”ཡི་རྩ་བའི་ཉམས་མྱོང་ཁྱོན་བསྡོམས་བྱས་ཡོད། འདི་ནི་སྒྱུར་བཅོས་སྒོ་འབྱེད་བྱས་པའི་ལོ་ངོ་40ཡི་རིང་གསོག་ཉར་བྱས་པའི་རིན་ཐང་བྲལ་བའི་ཉམས་མྱོང་ཡིན་ལ། ཏང་དང་མི་དམངས་ཀྱི་རིན་ཐང་བྲལ་བའི་བསམ་པའི་རྒྱུ་ནོར་ཡང་ཡིན་པས། དུས་རབས་གསར་པའི་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་ཧ་ཅང་གལ་ཆེ་བའི་མཛུབ་སྟོན་གྱི་དོན་སྙིང་ལྡན། ངེས་པར་དུ་སྔར་ལས་ལྷག་པར་གཅེས་སྤྲས་དང་དུས་ཡུན་རིང་པོའི་ནང་རྒྱུན་འཁྱོངས་བྱེད་དགོས་ལ། ལག་ལེན་གྱི་ཁྲོད་དུ་མུ་མཐུད་ནས་ཕུན་སུམ་ཚོགས་སུ་གཏོང་བ་དང་འཕེལ་རྒྱས་གཏོང་དགོས། མདུན་བསྐྱོད་ཀྱི་བགྲོད་ལམ་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱེད་རྒྱུ་རྒྱུན་འཁྱོངས་དང་། རིན་ཐང་བྲལ་བའི་ཉམས་མྱོང་འདི་དག་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ཞིང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས། རང་རྒྱལ་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་འབུར་ཐོན་གྱི་འགལ་ཟླ་དང་གནད་དོན་ལ་དོ་སྣང་བྱས་ནས། མུ་མཐུད་དུ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཇེ་ཟབ་སྤེལ་བའི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་འགྲིག་རང་བཞིན་བཅས་ཇེ་མཐོར་བཏང་ཐོག འགོ་ཚུགས་ས་སྔར་བས་མཐོ་པོ་དང་རིམ་པ་སྔར་བས་མཐོ་པོ། དམིགས་ཡུལ་སྔར་བས་མཐོ་པོའི་ཐོག་ནས་སྒྱུར་བཅོས་སྒོ་འབྱེད་བྱས་ཏེ། མུ་མཐུད་དུ་སྒྱུར་བཅོས་སྒོ་འབྱེད་ཀྱི་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་གཏོང་བ་དང་། མུ་མཐུད་དུ་མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་མངོན་འགྱུར་བྱེད་དགོས།

2020ལོར་ང་ཚོ་ལ་གྲོས་ཤིག་ཡོད། དུས་རབས་འདིའི་དུས་འགོའི་ལོ་ངོ་20ནང་། མི་འབོར་དུང་ཕྱུར་བཅུ་ལྷག་ལ་ཕན་ཐོགས་པའི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་དགོས། འདི་ནི་ཏང་གིས་མི་དམངས་ལ་ཕྱོགས་པ་དང་ལོ་རྒྱུས་ལ་ཕྱོགས་ནས་འཇོག་པའི་དམ་བཅའ་ཡིན། དུས་ལྟར་དམ་བཅའ་འདི་མངོན་འགྱུར་བྱས་པ་ནི་ལོ་རྒྱུས་ཀྱི་ལས་འགན་ཡིན་ལ་གཟི་བརྗིད་ལྡན་པའི་འགན་འཁྲི་ཡང་ཡིན།

ཆུ་ཚོད་འཁོར་ལོ་ནི་2019ལོ་ལ་ཁ་བཏད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་སྒོ་ཐེམ་འགྲམ་དུ་སླེབས་ཡོད། དུས་རབས་འདིའི་ལོ་འགོའི་ལོ་ངོ་20བརྒྱུད་པའི་འབད་འཐབ་ལམ་རིམ་ནི་ངར་ཤུགས་གཅིག་སྒྲིམ་གྱིས་མཐའ་མཇུག་ཏུ་མཆོང་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། དམིགས་འབེན་དང་ཇི་ཙམ་ཐག་ཉེ་ན། དཀའ་ངལ་ནི་དེ་ཙམ་མང་། འགྲན་སློང་ནི་དེ་བས་ཆེ། དུས་ཚོད་གང་རུང་ཞིག་ཏུའང་བདེ་བདེ་སྐྱིད་སྐྱིད་དང་། འཁར་རྔ་བརྡུངས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ནང་སླེབས་ཐུབ་རྒྱུ་རེད་མ་བསམ། ཀྲུང་གོའི་དེ་རིང་གི་གཟི་འོད་ནི་ཀྲུང་གོའི་མི་དམངས་ཀྱིས་འབད་འཐབ་ལས་བྱུང་བ་ཡིན་ལ། ཀྲུང་གོའི་མི་དམངས་ཀྱིས་དཀའ་སྤྱད་དང་བློ་གྲོས། སྤོབས་པ་ལ་བརྟེན་ནས་བྱུང་བ་རེད། ལོ་རྒྱུས་ཀྱིས་སྟོབས་ལྡན་ཅན་དང་འབད་འབུངས་ཅན། བརྩོན་ལེན་མཁན་བཅས་ལ་ལྟ་རྟོག་བྱེད་རྒྱུ་རེད། མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཟི་བརྗིད་གསར་པ་འགྲུབ་ཆེད། ང་ཚོས་སྔར་བས་འབད་བརྩོན་དང་སྟོབས་ཤུགས་བརྒྱབ་ནས་མཐའ་གཅིག་ཏུ་འབད་བརྩོན་བྱེད་དགོས། འགལ་ཟླའི་གནད་དོན་སྣ་མང་མཉམ་དུ་བརྩེགས་ནས་བྱུང་བ་དང་། ཉེན་ཁའི་འགྲན་སློང་སྣ་ཚོགས་མཉམ་བསྲེས་བྱུང་བ་མདུན་དུ་ལྷགས་ཚེ། ཕྱོགས་བསྡུས་སྒོས་སྲིད་ཇུས་ལག་བསྟར་དང་བློ་ཞིབ་མོས་ཤུགས་བརྒྱབ་ནས། འབུར་ཐོན་སྒོས་གཙོ་གནད་བཟུང་བ་དང་། ཞན་ཆ་གསབ་པ། ཉམས་སར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། མཐའ་གཅིག་ཏུ་མཁྲེགས་གཏོར་གྱི་དམག་འཐབ་ཆེན་པོ་གསུམ་ལས་རྒྱལ་བར་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་སྲ་བརྟན་རང་བཞིན་གྱི་རྨང་གཞི་འདིང་དགོས། 2018ལོར་མཁྲེགས་གཏོར་གྱི་དམག་འཐབ་ཆེན་པོ་གསུམ་གྱི་ཐོག་མའི་འཐབ་འཛིང་མཇུག་རྫོགས་ཡོད། ད་ལོར་འབུར་ཐོན་གྱི་གནད་དོན་ལ་དམིགས་ནས། གཙོ་གནད་ཀྱི་དམག་འཐབ་ལེགས་པོ་རྒྱག་དགོས། གཙོ་ཆེའི་ཉེན་ཁ་མཁྲེགས་གཏོར་གྱི་དམག་འཐབ་སྔོན་འགོག་དང་ལེགས་བཅོས་ཡག་པོ་རྒྱག་དགོས་ན། གྲུབ་ཚུལ་རང་བཞིན་གྱིས་བཀན་ཤིང་དོར་བའི་གཞི་རྩའི་བསམ་གཞིགས་རྒྱུན་འཁྱོངས་དང་། དངུལ་རྩའི་ཚོང་ར་རྒྱུན་ལྡན་མིན་པའི་གཡོ་འགུལ་དང་མཉམ་འགུལ་བྱེད་པར་སྔོན་འགོག བརྟན་པོའི་ངང་ས་གནས་སྲིད་གཞུང་གི་བུ་ལོན་ཉེན་ཁ་ཐག་གཅོད་བཏང་སྟེ། སྲ་བརྟན་དང་ཚོད་འཛིན་ཐུབ་པ། གོ་རིམ་ལྡན་པ། འོས་ཤིང་འཚམ་པ་བཅས་བྱེད་དགོས། དབུལ་བྲལ་མཁྲེགས་གཏོར་གྱི་དམག་འཐབ་ལེགས་པོ་རྒྱག་དགོས་པ་དང་། ངར་ཤུགས་གཅིག་སྒྲིམ་གྱིས་གཙོ་གནད་དུ་“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་”མངོན་འགྱུར་བྱེད་པར་ཁ་གཏད་དགོས་པའི་འབུར་ཐོན་གནད་དོན་ཐག་གཅོད་ལེགས་པོ་གཏོང་དགོས། དབུལ་ཕོངས་ཚབས་ཆེན་གྱི་ས་གནས་དང་དམིགས་བསལ་ཅན་གྱི་དཀའ་ངལ་མང་ཚོགས་ཀྱི་དབུལ་བྲལ་མཁྲེགས་གཏོར་བྱེད་ཚད་ཉུང་དུ་གཏོང་དགོས། དབུལ་ཕོངས་མི་འབོར་ཡང་བསྐྱར་དབུལ་ཕོངས་སུ་གྱུར་པ་ཉུང་གཏོང་དང་སྔོན་འགོག་བྱེད་དགོས། ཡོང་འབབ་ཆུ་ཚད་ཡིག་ཚགས་ཉར་ནས་ཁཱ་བཟོས་པའི་དབུལ་ཕོངས་དུད་ཚང་ལས་ཅུང་མཐོ་བའི་མང་ཚོགས་དེ་དག་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་མི་འདང་བ་ལ་སོགས་པའི་གནད་དོན་གསར་པ་ཞིབ་འཇུག་དང་ཐག་གཅོད་གཏོང་དགོས། འབག་བཙོག་སྔོན་འགོག་གི་མཁྲེགས་གཏོར་དམག་འཐབ་ལེགས་པོ་རྒྱག་པ་དང་། དམག་ས་བརྟན་སྲུང་དང་གྲུབ་འབྲས་ཇེ་བརྟན་དུ་གཏོང་དགོས། གོང་བུར་གཅིག་འདྲིལ་གྱིས་གནམ་དྭངས་སྲུང་སྐྱོང་དམག་འཐབ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། ལས་དོན་དང་གཏོང་ཚད་ཤུགས་ཆེར་བྱེད་དགོས། དུས་མཚུངས་སུ་གཅིག་འགྱུར་ལྟ་རྟོག་དང་འབྲེལ་ཡོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། ཞབས་ཞུའི་འདུ་ཤེས་ཇེ་མཐོར་གཏོང་བ་དང་ཁེ་ལས་ལ་རོགས་བྱས་ནས་ཁོར་ཡུག་བཅོས་སྐྱོང་ཐག་གཅོད་གཏོང་བའི་འཆར་གཞི་གཏན་འཁེལ་བྱེད་དགོས། སྟོབས་ཤུགས་སྒྲིམ་ནས་སྒྲུབ་པ་ན། མི་འགྲུབ་པ་ནི་གང་ཡང་མེད། མི་མང་བློ་གྲོས་འདུས་པ་ལས། མི་འགྲུབ་པ་ནི་གང་ཡང་མེད། རྒྱལ་ཁ་ནི་ལོ་རྒྱུས་ཀྱི་འགག་སྒོ་ལ་སླེབས་ཡོད་པས། ཀྲུང་གོའི་མི་དམངས་ཀྱི་སྟོབས་ཤུགས་གཅིག་ཏུ་འདྲིལ་དགོས། མི་དམངས་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་ལ་བརྟེན་ནས་ལོ་རྒྱུས་ཀྱི་རླབས་ཆེའི་བྱ་གཞག་བསྐྲུན་དགོས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རླབས་ཆེའི་བྱ་གཞག་བསྐྲུན་ཏེ་རླབས་ཆེ་བའི་ཀྲུང་གོའི་ཕུགས་འདུན་འགྲུབ་དགོས།

ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལྟར། ཀྲུང་གུང་ཀྲུང་དབྱང་གི་ལས་ཁུངས་དུས་དེབ་《བདེན་འཚོལ་》ལ་ད་ལོར་ཕྱོགས་ཡོངས་ནས་པར་གཞི་གསར་སྒྲིག་བྱས་ཡོད། འདི་ནི་ཏང་ཀྲུང་དབྱང་གི་མུ་མཐུད་དུ་ཏང་ཡོངས་ཀྱི་བསམ་བློའི་གཞུང་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་མི་དམངས་ལ་སློབ་གསོ་རྒྱག་པ། ལག་ལེན་ལ་མཛུབ་སྟོན་བྱེད་པའི་གལ་ཆེའི་བྱེད་ཐབས་སྤྱོད་རྒྱུ་རྒྱུན་འཁྱོངས་བྱས་པའི་རྐྱེན་གྱིས་རེད། ང་ཚོས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་《བདེན་འཚོལ་》ཏེ་《དར་དམར་》དུས་དེབ་བསྒྲིགས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་ཡིག་གི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་《བདེན་འཚོལ་》པར་གཞི་གསར་སྒྲིག་བྱེད་པའི་སྐོར་གྱི་གལ་ཆེའི་མཛུབ་སྟོན་དགོངས་དོན་ལག་བསྟར་བྱེད་དགོས། ཏང་གི་དུས་དེབ་ཀྱི་མིང་ཏང་ཡིན་པ་དང་ཆབ་སྲིད་པས་དུས་དེབ་སྒྲིག་པའི་རྩ་དོན་རྒྱུན་འཁྱོངས་དང་། ཏང་དེབ་ཀྱི་ཡ་རབས་སྲོལ་རྒྱུན་རྒྱུན་འཛིན་དང་། བློ་རིག་རྣོན་པོས་སྒྱུར་བཅོས་དང་གསར་གཏོད་སྤེལ་ཞིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་ལེགས་པོ་དང་འགྲེལ་བཤད་ལེགས་པོ་རྒྱག་རྒྱུ་དེ་འགན་འཁྲི་ཨང་དང་པོར་བཞག་སྟེ། ཏན་ཏན་ཏིག་ཏིག་སྒོས་ཏང་ཀྲུང་དབྱང་གི་ལས་ཁུངས་དུས་དེབ་ཀྱིས་ཏང་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་དང་འགྲེལ་བཤད་རྒྱག་པའི་དཔེ་མཚོན་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ་ལེགས་པོ་བྱེད་དགོས། ཧུར་ཐག་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ཡང་དག་པ་དང་གཏིང་ཟབ་མོའི་ངང་འགྲེལ་བཤད་རྒྱག་པའི་གྲལ་མགོའི་དམག་བྱེད་དགོས། གཞུང་ལུགས་དང་དངོས་ཡོད་ཟུང་འབྲེལ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་བྱེད་པའི་དངོས་སྒྲུབ་པ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བསམ་བློའི་གླེང་ཕྱོགས་ཁྲིད་སྟོན་བྱེད་པའི་གཙོ་ཤུགས་དམག་བྱེད་དགོས། དུས་བསྟུན་མདུན་བསྐྱོད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་བྱེད་པའི་སྔོན་བསྐྱོད་པ་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་《བདེན་འཚོལ་》དུས་དེབ་དེ་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ལས་དོན་གྱི་གལ་ཆེའི་བསམ་བློ་གཞུང་ལུགས་ཀྱི་འཐབ་ས་རུ་འཛུགས་སྐྲུན་བྱས་ཏེ། མུ་མཐུད་དུ་མར་ཁེ་སི་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཁྲོད་ཀྱི་མཛུབ་སྟོན་གོ་གནས་ཇེ་བརྟན་དུ་གཏོང་བ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ་སྔར་ལས་ལྷག་པའི་བྱས་རྗེས་གསར་པ་འཇོག་དགོས།

དགུན་ཟླ་ནི་སྐད་ཅིག་ཙམ་ལ་འདས་སོང་། དེ་རིང་ཡང་དཔྱིད་ཀའི་འགོ་ཚུགས་བྱུང་། འདས་ཟིན་པར་ཕྱི་མིག་བལྟས་ཚེ། ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོ་བཅངས་ནས་འབད་འབུངས་ངང་མདུན་བསྐྱོད་བྱས་ཡོད། མ་འོངས་པར་བལྟས་ཚེ། ང་ཚོས་སྐུལ་སློང་དམ་པོ་བཟུང་ནས་སྤོབས་པ་ཆེན་པོའི་ངང་གསར་གཏོད་མདུན་བསྐྱོད་བྱེད་དགོས། ང་ཚོས་སྔར་ལས་ལྷག་པར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག “འདུ་ཤེས་བཞི་”བརྟན་པོ་འཛུགས་པ་དང་“གདེང་ཚོད་བཞི་”ཇེ་བརྟན་བཏང་སྟེ། མཐའ་གཅིག་ཏུ་“སྲུང་སྐྱོང་གཉིས་”ལེགས་སྤེལ་བྱས་ནས་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་ལེགས་སྐྱེས་ཕུལ་དགོས།

བློ་བཟང་ལྷ་མོས་བསྒྱུར།