བློ་དཀར་སྤྱོད་གཙང་ཐེག་ཁུར་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་ཞིག་ཧུར་ཐག་གིས་བསྐྲུན་དགོས།

ཞི་ཅིན་ཕིང་།

ང་ཚོས་ཀྲུང་གོའི་ལོ་རྒྱུས་ཐོག་གི་དཔོན་པོའི་སྐྱོང་ལུགས་ལ་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི་རང་རྒྱལ་ལོ་རྒྱུས་ཐོག་གི་དཔོན་པོའི་སྐྱོང་ལུགས་ཀྱི་ཐོབ་ཤོར་ཤེས་རྟོགས་བྱས་ཏེ། བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་དཔེ་གཞི་ཁ་ཤས་འདོན་སྤྲོད་བྱེད་ཆེད་དུ་ཡིན།

ད་ལྟ་བ་སྟངས་འཛིན། མ་འོངས་པ་གསར་གཏོད་བཅས་བྱེད་པར་བློ་སྐྱེད་མང་པོ་འབྱུང་དུ་འཇུག་ཐུབ། ལོ་རྒྱུས་ཀྱི་ཉམས་མྱོང་ལ་མཐོང་ཆེན་བྱེད་པ་ནི་ང་ཚོའི་ཏང་གི་སྲོལ་རྒྱུན་བཟང་པོ་ཞིག་ཡིན། བློ་མཐུན་མའོ་ཙེ་ཏུང་གིས་གསུངས་དོན། “ད་ལྟའི་ཀྲུང་གོ་ནི་ལོ་རྒྱུས་ཐོག་གི་ཀྲུང་གོ་འཕེལ་རྒྱུས་བྱུང་བ་ཡིན་ཞིང་། ང་ཚོ་ནི་མར་ཁེ་སི་རིང་ལུགས་ཀྱི་ལོ་རྒྱུས་རིང་ལུགས་པ་ཡིན་པ་ལ། ལོ་རྒྱུས་ཀྱི་རྒྱུན་གཅོད་མི་ཉན། ཁུང་ཙི་ནས་སུན་ཀྲུང་ཧྲན་གྱི་བར་དུ། ང་ཚོས་ཕྱོགས་བསྡོམས་བྱས་ཏེ། ཤུལ་ནོམ་རྩ་ཆེན་དེ་དག་རྒྱུན་འཛིན་བྱེད་དགོས། འདི་ལྟར་བྱས་ན་མིག་སྔར་གྱི་རླབས་ཆེ་བའི་བྱ་འགུལ་ལ་མཛུབ་སྟོན་བྱེད་པར་རོགས་རམ་གལ་ཆེན་འཐོབ་ངེས་རེད།” ཡན་ཨན་དུས་སྐབས་སུ། ཁོར་ཡུག་ཇི་འདྲ་སྡུག་ཅིང་ལས་འགན་ཇི་འདྲ་ལྕི་ནའང་། བློ་མཐུན་མའོ་ཙེ་ཏུང་གིས་སྔར་བཞིན་ལོ་རྒྱུས་ལ་ཞིབ་འཇུག་དང་དཔེ་ལྟ་བྱེད་རྒྱུར་མཐོང་ཆེན་ཚད་མཐོ་གནང་བ་རེད། ད་ལྟ་ང་ཚོས་འཐབ་རྩོད་རླབས་པོ་ཆེ་བྱེད་པ་དང་། ལས་གཞི་རླབས་པོ་ཆེ་འཛུགས་སྐྲུན། བྱ་གཞག་རླབས་པོ་ཆེ་སྐུལ་འདེད། ཕུགས་འདུན་རླབས་པོ་ཆེ་མངོན་འགྱུར་བཅས་བྱེད་ན། ལོ་རྒྱུས་ལ་དེ་བས་མཐོང་ཆེན་དང་། ཞིབ་འཇུག དཔེ་ལྟ་བཅས་བྱེད་དགོས། དེས་ང་ཚོའི་ཀླད་རྩལ་ཕུན་ཚོགས་སུ་གཏོང་བ་དང་། མིག་རྒྱང་རིང་དུ་འབྱེད་པ། བློ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། འཇོན་ཐང་ཇེ་ཆེར་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་པ་རེད།

རང་རྒྱལ་གྱི་རྒྱལ་རབས་རིམ་བྱོན་གྱིས་དཔོན་པོའི་འདེམས་བསྐོ་དང་དོ་དམ་ལ་མཐོང་ཆེན་ཚད་མཐོ་བྱས་པ་ལ། རང་རྒྱལ་ལོ་རྒྱུས་ཐོག་གི་དོན་ལྡན་སྒྲུབ་པའི་ཆབ་སྲིད་པ་ཚང་མས་“སྲིད་སྐྱོང་བའི་གནད་ནི་མི་བཀོལ་སྤྱོད་བྱེད་པ་ལས་མ་འདས། །”ཞེས་པ་དང་། “ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུ་ནི་རྒྱལ་སྲིད་སྐྱོང་བའི་གཞི་རྩ་ཡིན་”ཞེས་པའི་གནས་ལུགས་རྟོགས་ཤིང་། དཔོན་པོ་སྐྱོང་བའི་ཐད་བསམ་བློ་དང་བྱེད་ཐབས་མང་པོ་བཞག་ཡོད་དེ། དེ་དག་ཁྲོད་ཡང་དག་པའི་ལྟ་བ་དང་ངེས་ཤེས་མི་དམན་པ་ཡོད། དཔེར་ན། 《མོ་ཙི་》ནང་“སྐྱེས་ཆེན་མོད་པའི་རྒྱལ་ཁབ་ཀྱི། །སྲིད་སྐྱོང་རྨང་གཞི་སྲ་ཞིང་བརྟན། །སྐྱེས་ཆེན་དབེན་པའི་རྒྱལ་ཁབ་ཀྱི། །སྲིད་སྐྱོང་རྨང་གཞི་སོབ་ཅིང་ཞན། །”ཞེས་པ་དང་། ཧན་ཧྥེ་ཙི་ཡིས་“བློན་ཆེན་གཞི་རིམ་དང་འོག་ནས་ཐོན་གྱི། །དམག་དཔོན་དམག་དཀྱུས་ནས་འབྱུང་གི །”ཞེས་པ། མེང་ཙི་ཡིས་“དེ་བས་གནམ་གྱིས་འགན་འཁྲི་ཆེན་པོ་མི་སུ་ལ་བསྐོས་ཀྱང་། དེས་ངེས་པར་དུ་ཐོག་མར་དེའི་འདོད་འདུན་ལ་མནར་གཅོད་དང་། རྩ་དང་རུས་པ་ལ་ངལ་དུབ། ཕོ་བ་བཀྲེས་ལྟོགས། ལུས་ཟུངས་ཟད་དུ་འཇུག་པ་བཅས་བྱས་”ཞེས་པ། ཀྲུའུ་ཀོ་ལིའང་གིས་“གང་ལ་དཔོན་གནས་ཆེད་དུ་བཙུགས་ན་འཁྲུག་འགྲོ། དཔོན་གནས་ལྟར་མི་འདེམས་སྤྱོད་བྱེད་པ་ནི་བཅོས་སྐྱོང་མཆོག་གོ །” ཅེས་པ། སི་མཱ་ཀོང་གིས་“མི་བཀོལ་སྤྱོད་བྱེད་པ་ལ། གང་དེའི་དགེ་མཚན་འདོན་སྤེལ་དང་། གང་གི་བསམ་སྦྱོར་གཉིས་ཀར་བརྟག་པ། གང་ལ་དེ་འཚམ་གྱིས་གོ་སྒྲིག གང་དེ་སྤོབས་པ་ཆེན་པོས་བཀོལ་སྤྱོད་བཅས་བྱེད་དགོས།”ཞེས་པ། ཀུང་ཙེ་ཀྲེན་གྱིས་“འཇིག་རྟེན་བྱེད་པོ་སླར་ཡང་ཐུགས་བསྐྱེད་དེ། །རིག་པའི་དཔའ་བོ་ཅི་རིགས་འཁྲུངས་པར་མཛོད། །”ཅེས་པ་ལྟ་བུ་སོགས་སོ། །དེ་ཡང་སྤྲོས་མ་དགོས་པ་ལ་ཞིག་ནི། རང་རྒྱལ་གནའ་རབས་ཀྱི་དཔོན་སྐྱོང་བསམ་བློ་དང་བྱེད་ཐབས་ཀྱིས་དཔོན་སྐྱོང་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད་པ་དང་། ལོ་རྒྱུས་དང་གྲལ་རིམ་གྱི་ཚད་བཀག་མངོན་གསལ་དོད་པོའང་ལྡན་པ་སྟེ། དེའི་ཁྲོད་བཀས་བཀོད་རྒྱུད་འཛིན་གྱི་སྙིགས་རོ་མི་ཉུང་བ་ཞིག་ཡོད་པས་ན། ང་ཚོས་ངེས་པར་དུ་མཉམ་འཇོག་བྱེད་དགོས།

ཡང་དག་པའི་ཆབ་སྲིད་ཀྱི་ལམ་ཕྱོགས་ནི་ཡང་དག་པའི་རྩ་འཛུགས་ཀྱི་ལམ་ཕྱོགས་བསྟེན་ནས་ཁག་ཐེག་བྱེད་དགོས། ལོ་རྒྱུས་དང་དོན་དངོས་བཅས་ཀྱིས་བསྟན་དོན། སྲིད་ཏང་གང་ཞིག་དང་རྒྱལ་ཁབ་གང་ཞིག་གིས་ཕུལ་དུ་བྱུང་བའི་འགོ་ཁྲིད་ཤེས་ལྡན་མི་སྣ་རྒྱུན་མི་འཆད་པར་གསོ་སྐྱོང་བྱ་ཐུབ་མེད་དེ་ཚད་ངེས་ཅན་ཞིག་གི་ཐོག་ནས་སྲིད་ཏང་དེ་དང་རྒྱལ་ཁབ་དེའི་དར་རྒུད་ཆགས་འཇིག་ལ་རག་ལས། ང་ཚོའི་ཏང་གིས་དུས་ནམ་ཡང་སྟོབས་དང་ལྡན་པའི་གསར་གཏོད་ནུས་པ་དང་། གོང་བུར་འགྲིལ་ཤུགས། འཐབ་འཛིང་བྱེད་ནུས་བཅས་རྒྱུན་སྐྱོང་བྱས་ནས། གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་གསུམ་གྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་གཞི་མར་གྱུར་ཏེ། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་དཀའ་ཉེན་སྣ་ཚོགས་ལས་རྣམ་པར་རྒྱལ་ཞིང་རྒྱལ་ཁ་གཅིག་འཕྲོད་གཅིག་ཏུ་ལེན་ཐུབ་པའི་ཧ་ཅང་གལ་ཆེ་བའི་རྒྱུ་རྐྱེན་ཞིག་ནི། འགན་འཁྲི་ལྕི་མོ་ཕྲག་ཏུ་ཁུར་ཐུབ་པའི་ལས་བྱེད་པའི་དཔུང་སྡེ་གསོ་སྐྱོང་དང་འཛུགས་སྐྲུན་བྱེད་པར་ཚད་མཐོའི་མཐོང་ཆེན་བྱས་པས་རེད། དུས་རབས་གསར་པར་ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་“ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར། ངེས་པར་དུ་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ཀྱི་ལམ་ཕྱོགས་དོན་འཁྱོལ་བྱས་ཏེ། བློ་དཀར་སྤྱོད་གཙང་ཐེག་ཁུར་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་ཞིག་ཧུར་ཐག་གིས་བསྐྲུན་དགོས།

དང་པོ། སྤྱོད་ཡོན་གྱི་ཚད་གཞི་ནན་པོ་བྱེད་དགོས། སྤྱོད་ཡོན་གཉིས་ཀ་ལྡན་ན་ད་གཟོད་ལས་འགན་ལྕི་མོ་ཐེག་ཐུབ། གནའ་མིས། “ཀུན་སྤྱོད་དམན་ནའང་གོ་གནས་མཐོ་བ་དང་། རིག་ནུས་ཀྱིས་མི་ལྡང་ནའང་དོན་ཆེན་ལ་ཇུས་བློ་འཕེན་པ། སྟོབས་ཤུགས་ཞན་ནའང་འགན་འགངས་ཆེན་ཁུར་བ་དེ་དག་གིས་རང་ཉིད་ལ་ཞོར་འདྲུད་མི་ཐེབས་པ་ཉུང་ངོ་། །”ཞེས་པའོ། །མི་འདེམས་སྤྱོད་བྱེད་པར་སྤྱོན་ཡོན་གཉིས་ཀར་མཐོང་ཆེན་བྱེད་པ་ནི་གནའ་དེང་ཀྲུང་ཕྱིའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་སྤྱི་སྲོལ་ཡིན་པ་དང་། དེ་དག་གི་ཁྱད་པར་ནི་སྤྱོད་ཡོན་གྱི་ནང་དོན་མི་འདྲ་བ་ཙམ་ལས་མ་འདས། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་སྤྱོད་ཡོན་གཉིས་ལྡན་ལ་གཙིགས་ཆེན་པོ་བྱེད་པ་མ་ཟད་ཀུན་སྤྱོད་སྔོན་ལ་འཛིན་པར་གཙིགས་ཆེན་པོ་བྱེད་ཀྱི་ཡོད། ཀུན་སྤྱོད་ཀྱི་ཁོངས་སུ་ཆབ་སྲིད་ཀྱི་གཤིས་སྤྱོད་དང་། ལས་རིགས་ཀྱི་ཀུན་སྤྱོད། སྤྱི་ཚོགས་ཀྱི་སྤྱི་པའི་ཀུན་སྤྱོད། ཁྱིམ་ཚང་གི་སྤྱོད་བཟང་སོགས་འདུ་བ་སྟེ། ལས་བྱེད་པས་ཕྱོགས་དེ་དག་ཚང་མའི་ཐད་ཉམས་སད་ཐེག་ཐུབ་དགོས་པ་དང་། གལ་ཆེ་ཤོས་ནི་ཆབ་སྲིད་ཀྱི་གཤིས་སྤྱོད་ཐད་ཉམས་སད་ཐེག་ཐུབ་དགོས། 《ཁུང་ཙིའི་གསུང་སྒྲོས་》ནང་“རང་ཉིད་བློ་སྦྱོང་གིས་ལས་ལ་དད་པ་”དང་། “རང་ཉིད་བློ་སྦྱོང་གིས་དྲེགས་ལྡན་རྣམས་ལ་དགའ་བདེ་བསྐྱེད་པ།” “རང་ཉིད་བློ་སྦྱོང་གིས་འབངས་རྣམས་བདེ་ལ་འགོད་པ་”བཅས་བྱེད་དགོས་ཞེས་བསྟན་ཡོད་དེ། དེ་ནི་ང་ཚོའི་གུང་ཁྲན་ཏང་མིའི་ངོས་ཐད་ནས་བཤད་ན། རང་ཉིད་བློ་སྦྱོང་བྱེད་པར་ཆེས་གལ་ཆེ་བ་ནི་ཆབ་སྲིད་ཀྱི་ཀུན་སྤྱོད་བློ་སྦྱོང་བྱ་རྒྱུ་དེ་ཡིན། ང་ཚོའི་ཏང་གིས་ལས་བྱེད་པར་བླང་བྱ་འདོན་སྐབས་ཐོག་མར་ཆབ་སྲིད་ཀྱི་བླང་བྱ་ཡིན། ལས་བྱེད་པ་འདེམས་སྤྱོད་བྱེད་སྐབས་ཐོག་པར་ཆབ་སྲིད་ཐོག་རིག་པ་དྭངས་གསལ་ཡིན་མིན་དང་བརྟན་པོ་ཡིན་མིན་ལ་བལྟ་དགོས།

མི་འདེམས་སྤྱོད་བྱེད་པར་ངེས་པར་དུ་ཆབ་སྲིད་ཀྱི་འགག་སྒོ་དམ་པོར་སྲུང་དགོས་པ་དང་། ཏང་དང་མི་དམངས་ལ་བློ་དཀར་མིན་དང་། ཕུགས་བསམ་དང་དད་སེམས་བརྟན་པོ་ཡོད་མིན། “འདུ་ཤེས་བཞི་”དང་“ཡིད་ཆེས་བཞི་”བརྟན་པོར་འཆང་མིན། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་མིན། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་བཅས་ཕྱོགས་ཡོངས་ནས་ལག་ལེན་བསྟར་མིན་བཅས་ནི་ལས་བྱེད་པར་ཚད་འཇལ་བའི་ཚད་གཞི་ཨང་དང་པོ་ཡིན། སི་མཱ་ཀོང་གིས་“དམ་པས་འཇོན་ནུས་བཟང་ལ་སྤྱོད། །བློ་དམན་གྱིས་ནི་ངན་ལ་སྤྱོད། །འཇོན་ནུས་བཟང་ལ་སྤྱད་གྱུར་ན། །བཟང་གིས་ས་སྟེང་ཁྱབ་པར་འགྱུར། །འཇོན་ནུས་ངན་ལ་སྤྱད་གྱུར་ན། །ངན་གྱིས་ས་སྟེང་ཁྱབ་འགྱུར་རོ། །”ཞེས་དང་། “གནའ་ནས་བཟུང་། རྒྱལ་ཁབ་ཀྱི་བློན་ངན་དང་ཁྱིམ་ཚང་གི་བུ་ངན་དག་ནི་འཇོན་ཐང་ཆེ་ཡང་ཀུན་སྤྱོད་དམན་པ་ཤ་སྟག་ཡིན་པས། ཁྱིམ་དང་རྒྱལ་ཁབ་ཉམས་རྒུད་དུ་བཏང་བ་ཇི་འདྲའི་མང་ཨང་།”ཞེས་གསུངས་ཡོད། ཆབ་སྲིད་ཐོག་གནད་དོན་ཡོད་མཁན་ཞིག་ཡིན་ཚེ། དེའི་ནུས་པ་ཇི་ལྟར་ཆེ་བ་དང་། གོ་གནས་ཇི་ལྟར་མཐོ་ན་གནོད་འཚེ་དེ་ལྟར་དུ་ཆེ་བ་ཡིན། ཆབ་སྲིད་ཀྱི་གཤིས་སྤྱོད་ཐད་ཉམས་སད་ཐེག་མི་ཐུབ་ཚེ་ཁས་ལེན་གཏན་ནས་མི་བྱེད།

གནའ་མིས་“མི་ཁོག་མི་ཡིས་མི་ལོན། །རྡོ་ཁོག་ཆུ་ཡིས་མི་ལོན། །”ཞེས་ཟེར་བ་ལྟར། ཆབ་སྲིད་ཀྱི་འགག་སྒོ་ལེགས་པར་སྲུང་རྒྱུ་ནི་ལས་སླ་མོ་ཞིག་མ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཁྲིམས་འགལ་སྒྲིག་འགལ་གྱི་འགོ་ཁྲིད་ལས་བྱེད་པ་དེ་འདྲ་མང་པོ་ཞིག་ཞིབ་གཅོད་བྱས་ནའང་། ད་ལྟ་སྔར་བཞིན་འགོ་ཁྲིད་ལས་བྱེད་པ་མི་ཉུང་བ་ཞིག་ཞིབ་གཅོད་བྱེད་བཞིན་ཡོད། དེ་དག་ལས་མང་ཤོས་ནི་ཆབ་སྲིད་ཐོག་མགོ་གཉིས་མ་ཡིན་ཏེ། མངོན་ནས་བྱེད་སྟངས་གཅིག་དང་ལྐོག་ནས་བྱེད་སྟངས་གཅིག ཁ་ནས་བཤད་སྟངས་གཅིག་དང་ལག་ནས་བྱེད་སྟངས་གཅིག་བཅས་བྱེད་བཞིན་ཡོད། ཆབ་སྲིད་ཐོག་མགོ་གཉིས་མ་བྱེད་མཁན་ཁ་ཤས་ནི་བདེན་པར་བརྫུས་ཤིང་ཟབ་ཏུ་སྦས་པས་མི་མངོན་པའི་རང་བཞིན་དང་མུན་འཐོམས་རང་བཞིན་ཆེན་པོ་ལྡན་ནའང་། རྗེས་མེད་ཤུལ་མེད་ཅིག་གཏན་ནས་མ་ཡིན། ང་ཚོས་བློ་ཞིབ་ཙམ་གཏོང་བ་དང་དོ་སྣང་མང་ཙམ་བྱེད་ཅིང་། ཟུར་དང་ཕྱོགས་གནས་མང་ཙམ་ནས་རྩད་ཞིབ་བྱས་ན། ནམ་ཞིག་དེ་ཚོ་དབྱེ་འབྱེད་ཐུབ་ངེས་རེད། མིའི་མདུན་དང་ཚོགས་ཐོག་ཏུ་དམ་བཅས་ནས་“འདུ་ཤེས་བཞི་”ལ་སྣང་ཆེན་བྱེད་ཅིང་རྣམ་འགྱུར་མཐོན་པོ་བསྟན་ལ། ལྐོག་ནས་ཀྲུང་དབྱང་ལ་འཆལ་གཏམ་བཤད་པ་དང་། ཏང་ཀྲུང་དབྱང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་བཅས་ལག་བསྟར་མི་བྱེད་མཁན་དང་། ཁ་ཐོག་ནས་“ཡིད་ཆེས་བཞི་”བརྟན་པོར་འཆང་བ་དང་། མར་ཁེ་སི་རིང་ལུགས་ལ་དད་མོས་བྱེད་པ་ཞེས་ཤོད་ལ། ལྐོག་ནས་ཡིན་མིན་གྱི་གནད་དོན་ཆེན་པོའི་མདུན་དུ་རྣམ་འགྱུར་གྱ་མ་གྱུ་སྟོན་པ་དང་ལངས་ཕྱོགས་བརྟན་པོ་མེད་མཁན། རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་སྤྲོས་ལབ་བྱེད་ལ་ལྐོག་ནས་མི་སྒེར་གྱི་སྙན་གྲགས་དང་གོ་གནས་ལ་ཐུག་སྐབས་སྡུག་སྨྲེ་འདོན་ཞིང་རྩ་འཛུགས་ལ་འཁོན་སེམས་འཆང་མཁན། འགོ་ཁྲིད་ཀྱི་མདུན་དུ་མགོ་བོ་སྒུར་སྒུར་དང་ཁ་ཡག་ངོ་བསྟོད་དང་བསྟུན་མཁས་སྤྲེལ་ལད་བྱེད་ལ། འོག་རིམ་དང་མང་ཚོགས་ཀྱི་མདུན་དུ་ང་རྒྱལ་ཁེངས་དྲེགས་དང་ངར་མདོག་རྫིག་མདོག་བྱེད་མཁན་བཅས་ལ་ཚད་མཐོའི་དོགས་ཟོན་བྱེད་དགོས། སྣང་ཚུལ་བརྒྱུད་དེ་ངོ་བོར་བལྟ་དགོས་ཏེ། གང་དེའི་ཅི་བཤད་ལ་ཉན་དགོས་ལ་ལག་སྒྲུབ་ལ་དེ་བས་ཀྱང་བལྟ་དགོས། ཕྱི་ཚུལ་བརྟག་དགོས་ལ་ནང་སེམས་དེ་བས་ཀྱང་བརྟག་དགོས། ཆབ་སྲིད་ལ་བློ་དཀར་མིན་དང་། ཆབ་སྲིད་ཀྱི་ངེས་ཤུགས། ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས། ཆབ་སྲིད་ཀྱི་ནུས་པ། ཆབ་སྲིད་ཀྱི་རང་གཅུན་བཅས་ལ་བལྟ་དགོས། དེ་ཡང་“རྒྱལ་ཁབ་སྐྱོང་བར་མི་ལ་བརྟེན། །མི་ནི་འོས་སྦྱོར་བྱས་ནས་འབྱུང་། །འོས་སྦྱོར་དོན་དངོས་བརྟག་ནས་བྱ། །”ཞེས་པ་ལྟ་བུའོ། །

ཀུན་སྤྱོད་སྔོན་ལ་འཇོག་པར་ཀུན་སྤྱོད་ཁོ་ནར་སྣང་ཆེན་བྱེད་པས་མི་ཆོག་སྟེ། ཉམས་སད་ཐེག་ཐུབ་པའི་འཇོན་ནུས་ཀྱང་ལྡན་དགོས། མིག་སྔར་ལས་བྱེད་པའི་དཔུང་སྡེའི་འཇོན་ཐང་གིས་མི་འདང་བ་དང་“འཇོན་ཐང་གི་འཇིགས་སྣང་”གི་གནད་དོན་ཅུང་འབུར་དུ་ཐོན་ཡོད། དཔེར་ན། རྙོག་འཛིང་ཆེ་བའི་གནས་བབ་འགྱུར་ལྡོག་མདུན་དུ། རྣ་དང་མིག་གི་ཚོར་བ་སྐྱེན་པོ་མེད་པས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་བར་མི་མཐོང་ཞིང་། བག་ཉལ་གྱི་གོ་སྐབས་དང་འགྲན་སློང་ཡང་མི་རྟོགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་སྐུལ་འདེད་གཏོང་བའི་མདུན་དུ། ནུས་ལྡན་གོ་ཆོད་ཀྱི་བསམ་ཕྱོགས་ལེགས་པོ་དང་ཐབས་ལམ་ལེགས་པོ་མི་རྙེད་པ། ཆ་འཕྲིན་ཅན་དུ་མུ་མཐུད་འཕེལ་རྒྱས་འགྲོ་བའི་མདུན་དུ། དྲ་བའི་ཆོས་ཉིད་མི་རྟོགས་ཤིང་། དྲ་ཐོག་གི་མང་ཚོགས་ལམ་ཕྱོགས་སུ་ལེགས་པར་སྐྱོད་མི་ཐུབ་ལ། དྲ་བའི་འཐབ་ས་ལེགས་པར་དོ་དམ་མི་ཐུབ་པས། དྲ་བའི་གླེང་ཕྱོགས་ཀྱིས་སྣ་ཐག་ཁྲིད་ནས་འགྲོ་བ་ལྟ་བུ་སོགས་སོ། །གནད་དོན་འདི་རིགས་ཐག་གཅོད་བྱེད་པར། ལས་བྱེད་པའི་ཤེས་བྱ་གསར་སྒྱུར་དང་། ནུས་པ་གསོ་སྦྱོང་། ལག་ལེན་སྦྱོང་བརྡར་བཅས་མགྱོགས་པོར་སྤེལ་དགོས་པ་དང་། ནུས་པ་དང་གྲུབ་འབྲས་འབུར་དུ་ཐོན་པ་དང་། ཆེད་ལས་ཀྱི་ནུས་པ་དང་། ཆེད་ལས་ཀྱི་བྱང་ཚད། ཆེད་ལས་ཀྱི་སྙིང་སྟོབས་བཅས་ལྡན་པའི་ཕུལ་བྱུང་ལས་བྱེད་པ་དུས་ཐོག་ཏུ་བཀོལ་སྤྱོད་དེ་བས་ཀྱང་བྱེད་དགོས།

གཉིས་པ། གཞུང་དྲང་ངང་མི་བཀོལ་སྤྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། སྤྱི་དོན་དུ་མི་སྤྱད་ན་ད་གཟོད་འཇོན་ཐང་ཅན་གྱི་མི་ཐོབ་ཐུབ། ལོ་རྒྱུས་ཐོག་གི་རྫོགས་ལྡན་དུས་སྐབས་གང་རུང་ཚང་མ་དྲང་བདེན་དོན་གཉེར་དང་སྤྱོད་བཟང་ཅན་འོས་སྦྱོར་བྱས་པ་ལས་བྱུང་། སྤྱི་སེམས་ཡོད་ན་ད་གཟོད་ཤེས་ལྡན་པ་རྟོགས་པའི་བློ་རིག་དང་། སྤྱོད་བཟང་ཅན་འོས་སྦྱོར་བྱེད་པའི་བློ་སྤོབས། ཤེས་ལྡན་པ་དང་འདྲིས་པའི་བློ་རྒྱ་བཅས་ཡོད་པ་དང་། ད་གཟོད་ཤེས་ལྡན་པ་ཁོ་ན་འོས་སྦྱོར་དང་སྤྱོད་བཟང་ཅན་ཁོ་ན་བསྐོ་གཞག་བྱེད་ཐུབ། གལ་ཏེ་ས་གནས་ཤིག་དང་སྡེ་ཚན་ཞིག་གིས་མི་དམངས་ཀྱིས་ཁས་ལེན་པའི་ཕུལ་བྱུང་ལས་བྱེད་པ་དུས་ཡུན་རིང་པོར་བེད་མེད་དུ་བསྐྱུར་བ་དང་ཟུར་འབུད་བཏང་བས། སྐབས་འཚོལ་ཅན་ཁ་ཤས་ཀྱིས་གླགས་རྙེད་དེ་དེ་ཚོའི་ཆར་པ་ཆུ་གྲོགས་སུ་གྱུར། དེ་ལྟར་བྱས་ན་གནད་དོན་འབྱུང་ངེས་རེད། དྲང་བདེན་མིའི་སེམས་སུ་ཡོད་ཟེར་བ་ལྟར། རྩ་འཛུགས་སྡེ་ཚན་དང་འགོ་ཁྲིད་ལས་བྱེད་པས་མི་འདེམས་སྤྱོད་བྱེད་པའི་ཐད་སྤྱི་སེམས་འཆང་བ་དང་། རྩ་དོན་རྒྱུན་འཁྱོངས་དང་། དངོས་ཐོག་བདེན་འཚོལ། འགན་ཁུར་ཕོད་པ། གཞུང་དྲང་དང་སྒེར་སེམས་མེད་པ་བཅས་བྱེད་པ། དྲང་གཞག་གིས་ལས་བྱེད་པར་ལྟ་སྟངས་འཛིན་པ་དང་བཀོལ་སྤྱོད་བྱེད་པ། རྩ་དོན་ཉོ་ཚོང་མི་བྱེད་པ་བཅས་བྱས་ཏེ། ལས་བྱེད་པས་བློ་སེམས་རྩེ་གཅིག་གིས་བྱ་གཞག་དོན་དུ་གཉེར་བ་ལས་མིའི་བར་གྱི་འབྲེལ་བ་ཐག་གཅོད་བྱེད་པའི་སེམས་ཁྲལ་མེད་པར་བྱེད་དགོས།

དྲང་གཞག་གིས་མི་བཀོལ་སྤྱོད་བྱེད་པ་དེ་བྱ་གཞག་སྟེང་ནས་མངོན་དགོས། ང་ཚོའི་བྱ་གཞག་གི་དོན་དུ་མི་བཀོལ་སྤྱོད་བྱེད་དགོས་པ་ལས། འགོ་ཁྲིད་པའི་རང་གི་ཉེ་དུ་དང་རང་གི་དགའ་ཕྱོགས་ལྟར་འདོར་ལེན་བྱེད་མི་ཉན་ལ། སྙོམ་པོ་དང་གཟིགས་སྐྱོང་བྱེད་པ་དང་། རབས་སྒྲིག་པ། ཚད་གཞི་དམའ་རུ་བཏང་ནས་འདེམས་པ་བཅས་བྱེད་མི་ཉན་ཞིང་། ལས་གནས་ནི་ལྐོག་ནས་སྤྲོད་ལེན་བྱེད་པའི་མི་སྒེར་གྱི་ཐོན་ཁུངས་སུ་བརྩི་བ་དེ་བས་ཀྱང་བྱེད་མི་ཉན། མི་ཞིག་བཀོལ་ནོར་བྱུང་བ་དང་ལྷག་པར་དུ་ལས་གནས་གལ་ཆེན་གྱི་འགོ་ཁྲིད་པ་ཞིག་བཀོལ་ནོར་བྱུང་བ་ཡིན་ན། ས་གནས་དེ་དང་སྡེ་ཚན་དེ་ལ་ཤུགས་རྐྱེན་ངན་པ་ཆེན་པོ་ཐེབས་ཡོང་གི་རེད། ཏང་དང་མི་དམངས་ཀྱི་བྱ་གཞག་གཞིར་བཟུང་ནས་ལས་བྱེད་པ་འདེམས་སྒྲུག་དང་བཀོལ་སྤྱོད་བྱེད་པ་དང་། བྱ་གཞག་སྔོན་དུ་འཇོག་པ་དང་། བྱ་གཞག་ལྟར་མི་འདེམས་པ། མི་དང་ལས་གནས་འཚམ་མཐུན་ཡོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། བྱ་གཞག་འཕེལ་རྒྱས་ཐད་མི་གང་མཁོ་དེ་སྤྱོད་དང་གང་འཚམ་དེ་འདེམས་བྱེད་ཐུབ་དགོས།

དྲང་གཞག་གིས་མི་བཀོལ་སྤྱོད་བྱེད་པ་དེ་དར་སྲོལ་སྟེང་ནས་མངོན་དགོས། “ཚང་མས་སྤྱི་སེམས་བཅངས་ན། །གནམ་འོག་བདེ་བར་འགྱུར་རོ། །ཚང་མས་སྒེར་ཕན་གཉེར་ན། །གནམ་འོག་འཁྲུག་པར་འགྱུར་རོ། །”མི་འདེམས་སྤྱོད་བྱེད་པའི་ཐད་ཀྱི་ཚུལ་མིན་སྤྱོད་ཡན་ནི་ང་ཚོའི་ཏང་གི་ངོ་བོ་དང་དམིགས་ཡུལ་དང་གཏན་ནས་མི་མཐུན་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་བཅོས་སྒྲིག་རྒྱུན་མི་འཆད་པར་བྱས་པ་བརྒྱུད། མི་འདེམས་སྤྱོད་བྱེད་པའི་དར་སྲོལ་ཇེ་ལེགས་སུ་ཕྱིན་ཡོད་ནའང་། མི་འདེམས་སྤྱོད་བྱེད་པའི་ཐད་ཀྱི་ཚུལ་མིན་སྤྱོད་ཡན་རྩ་བ་ནས་མེད་པར་གྱུར་པ་མ་ཡིན་ཏེ། ལ་ལས་སྔར་བཞིན་“མ་སློང་མ་བརྔན་ན། སྔར་གནས་སུ་ལུས།” ཞེས་པ་དང་། “སློང་ཞིང་བརྔན་ན། ཡར་འཐེན་དང་གལ་གནད་ཆེ་སར་བསྐོ།” ཞེས་པའི་བྱེད་སྟངས་ལ་ཡིད་ཆེས་ཏེ། ཐབས་ཤེས་འཐེན་ནས་འབྲེལ་བ་འཛུགས་པ་དང་ལྟག་སྒོ་འཛུལ་ཐབས་བྱེད་པ་དང་། འགོ་ཁྲིད་ལས་བྱེད་པ་ལ་ལས་གནས་སྤོས་ནའང་། དེ་སྔོན་ལས་ཀ་བྱས་སའི་ས་གནས་དང་སྡེ་ཚན་གྱི་མི་དོན་བཀོད་སྒྲིག་ལ་སྔར་བཞིན་ཐེ་གཏོགས་བྱེད་པ། ལ་ལས་ད་དུང་བརྒྱ་ཁ་གཅིག་གཅོད་བྱེད་ཅིང་། བསམ་འཆར་བསྡུ་ལེན་དང་ཐུན་མོང་གྲོས་བསྡུར་མིང་ཙམ་དུ་གྱུར་ལ། རྩ་འཛུགས་ཀྱི་གོ་རིམ་ཕྱི་ཚུལ་གྱི་རྣམ་འགྱུར་སྟོན་པ་ཙམ་བྱེད་པ་ལྟ་བུ་སོགས་སོ། །དེ་བས། ང་ཚོས་བྱེད་ཐབས་ནུས་ལྡན་སྤྱད་དེ། མི་འདེམས་སྤྱོད་བྱེད་པའི་ཐད་ཀྱི་ཚུལ་མིན་སྤྱོད་ཡན་བཀག་འགོག་བྱེད་ཅིང་། ལེགས་སྒྲུབ་བྱུང་ན་གཟེངས་བསྟོད་དང་། ནོར་འཛོལ་བྱུང་ན་ཡོ་བསྲང་། གནོད་ཉེན་བྱུང་ན་སྐྱོབ་སྲུང་། འཆལ་པར་གྱུར་ན་བསླབ་འདོམས་བཅས་བྱས་ཏེ། ཆབ་སྲིད་སྐྱེ་ཁམས་དྭངས་གཙང་བཟོ་དགོས།

གསུམ་པ། མི་བཀོལ་སྤྱོད་བྱེད་པའི་མིག་རྒྱང་རིང་དུ་གཏོང་དགོས། ཕྱོགས་སོ་སོའི་ཕུལ་བྱུང་ཤེས་ཡོན་པ་རྣམས་ཏང་དང་མི་དམངས་ཀྱི་བྱ་གཞག་ཁྲོད་བསྡུ་རུབ་བྱེད་པར། མཐོང་རྒྱ་བསྐྱེད་ཅིང་སྲོལ་ལུགས་སྣ་གཅིག་གི་འཆིང་རྒྱ་ལས་སྒྲོལ་བ་དང་། ལས་བྱེད་པའི་ཐོན་ཁུངས་འཁྲུག་ཏུ་བཏང་སྟེ། ལས་བྱེད་པའི་དཔུང་སྡེ་དང་ཕྱོགས་སོ་སོའི་ཤེས་ཡོན་པ་འདོན་སྤེལ་གང་ལེགས་བྱེད་དགོས།

ཤེས་ཡོན་ཅན་ཧ་ཅང་དཀོན་པ་ལ། སྣང་ཆུང་དང་འགོར་འགྱངས་བྱེད་མི་ཉན། རང་རྒྱལ་གྱི་གནའ་དུས་སུ་ཝུན་ཝང་གིས་ཐའེ་ཀུང་ལ་འཚམས་ཞུ་དང་། ཀྲོའུ་ཀུང་གིས་ཟས་མཚམས་བཞག་སྟེ་དམ་པ་བསུ་བ། ལིའུ་པེས་ཀྲུའུ་ཀོ་ལིའང་ཐེངས་གསུམ་ཞུས་པ། ཞའོ་ཧོ་ཡིས་མཚན་མོར་ཧན་ཞིན་བཙལ་བ་སོགས་ཀྱི་སྙན་གཏམ་ཡོད་ལ། ཧྥེང་ཐང་རྒས་སླ། ལི་ཀོང་བསྐོ་དཀའ་ཞེས་པའི་སྐྱོ་བའང་ཡོད། ཧྥེང་མེང་ལུང་གིས་《རྒྱལ་རབས་ལོ་རྒྱུས་གསར་མ་》ནང་བསྟན་དོན། “སྔོན་བྱུང་གི་ལོ་རྒྱུས་ལ་བལྟས་ན། ཤེས་ཡོན་ཅན་ཐོབ་ན་རྒྱལ་ཁ་འཐོབ། ཤེས་ཡོན་ཅན་ཤོར་ན་ཕམ་ཁ་འབྱུང་། རང་སྟོབས་བསྐྱེད་ན་དར་རྒྱས་འབྱུང་། རང་སྟོབས་དམན་ན་ཉམས་རྒུད་འགྲོ། རྒྱལ་ཕམ་དར་རྒུད་ཀྱི་རྩ་བ་མི་དོན་ལ་རག་ལས།” ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ་ནས་འགོ་བརྩམས་ཏེ། སྔར་ལས་མཐོ་བའི་ལངས་གནས་དང་སྔར་ལས་ཡངས་པའི་མཐོང་རྒྱ་ཐོག་ནས་ཤེས་ཡོན་ཅན་རྙེད་པ་དང་། ཤེས་ཡོན་ཅན་བཀོལ་སྤྱོད། ཤེས་ཡོན་ཅན་བགོ་སྒྲིག་བཅས་བྱེད་དགོས།

ལུའུ་ཡིའུ་ཡིས་སྙན་ངག་ཅིག་བརྩམས་པ་འདི་ལྟ་སྟེ། “དཔྱིད་གསུམ་གྱི་ངལ་བ་མེད་ན། །སྟོན་གསུམ་གྱི་འབྲས་བུ་མི་འབྱུང་། །”ཞེས་པའོ། །ད་ལྟ་ང་ཚོའི་ལས་བྱེད་པ་ཁ་ཤས་ལ་མཚོན་ན་ལག་ལེན་གྱི་ཉམས་མྱོང་དཀོན་པ་དང་། ལྷག་པར་དུ་གལ་ཆེའི་འཐབ་རྩོད་ཁྲོད་དཀའ་སྡུག་མྱོང་བ་དང་མཐོང་རྒྱ་བསྐྱེད་པའི་བརྒྱུད་རིམ་དཀོན་པ་རེད། ལས་བྱེད་པ་མི་ཉུང་བ་ཞིག་གིས་ལས་ཀར་ཧུར་བརྩོན་བྱེད་ཅིང་། རང་ཉིད་ལ་བླང་བྱ་ནན་པོ་འདོན་ནའང་། ཛ་དྲག་ཆེ་བའི་དོན་དང་འཕྲད་ཙ་ན་རང་གི་ལྟ་ཚུལ་མེད་པར་འགྱུར་བ་དང་། དུས་ནམ་ཡང་ཡོད་ཚད་ཞོད་འཇགས་ཡོང་བའི་རེ་བ་བྱེད་ལ། ལས་ཀའི་བསམ་ལམ་ཡང་དེ་བཞིན་དུ་ཡིན་ཏེ། བརྟན་པོ་ཡོང་རེ་ཆེ་ལ་འཐབ་རྩོད་ཀྱི་སྙིང་སྟོབས་དབེན་པ་ཡིན། གལ་ཆེའི་འཐབ་རྩོད་ཁྲོད་ཞུན་བརྡར་བྱས་པའི་ལས་བྱེད་པ་མང་དུ་འདེམས་དགོས་ཏེ། དེ་ལྟར་བྱས་ན་ལས་བྱེད་པའི་དཔུང་སྡེའི་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དང་། ཚན་རིག་དང་མཐུན་པའི་ཇུས་གཅོད་ཆུ་ཚད་དང་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བར་ཕན་ཐོགས་ཡོད། བརྒྱུད་རིམ་དེ་རིགས་ལྡན་པའི་ལས་བྱེད་པ་འདེམས་སྒྲུག་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། དུས་མཚུངས་སུ་ལག་ལེན་གྱི་ཉམས་མྱོང་མེད་པའི་ལས་བྱེད་པ་གལ་ཆེའི་འཐབ་རྩོད་ཁྲོད་ནས་སྦྱོང་བརྡར་བྱེད་དུ་བཅུག་སྟེ། དཀའ་སྤྱད་འགག་སྒྲོལ་བྱེད་པའི་ཁྲོད་ནས་བློ་སྤོབས་དང་འཇོན་ཐང་ཆེ་རུ་གཏོང་དགོས། ཕྱོགས་སོ་སོ་ནས་ཆེད་ལས་ཅན་གྱི་ཤེས་ལྡན་མི་སྣ་འདེམས་སྒྲུག་བྱེད་པར་མཐོང་ཆེན་བྱས་ཏེ། འགོ་ཁྲིད་ཚན་པ་དང་ལས་བྱེད་པའི་དཔུང་སྡེའི་ཤེས་བྱའི་གྲུབ་ཚུལ་དང་། འཇོན་ནུས་ཀྱི་གྲུབ་ཚུལ། ཆེད་ལས་ཀྱི་གྲུབ་ཚུལ་བཅས་ལེགས་སྒྲིག་བྱེད་དགོས།

བཞི་པ། ལས་བྱེད་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་ནི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་སྔར་ལས་ལེགས་པོ་གཏོང་ཆེད་དུ་ཡིན། དོ་དམ་ནན་པོ་བྱེད་པ་ནི་ལས་བྱེད་པར་དོ་དམ་ཐལ་དྲགས་བྱེད་པ་མ་ཡིན་ཞིང་། ལས་བྱེད་པའི་དཔུང་སྡེ་ཉབ་བེ་ཉོབ་བེར་གཏོང་བ་མ་ཡིན་པར། ལས་བྱེད་པས་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་བསྐྱེད་པར་སྐུལ་མ་གཏོང་དགོས། དོ་དམ་ནན་པོ་དང་ལས་སྒྲུབ་ལས་གཉིས་དབྱེ་འབྱེད་དང་ཁ་གཏད་བཟོ་བ་དང་། ལས་བྱེད་པ་ཁ་ཤས་ཀྱིས་འགན་མི་ཁུར་བ་དང་དོན་མི་སྒྲུབ་པ་དེ་དོ་དམ་ནན་པོ་བྱས་པས་ལན་པར་འདོད་པ་བཅས་མི་འགྲིག་པ་རེད། ལས་བྱེད་པར་དོ་དམ་ནན་པོ་བྱེད་པ་ནི་ལས་བྱེད་པར་འགན་དངོས་གནས་ཁུར་བ་རེད་དེ། ལས་བྱེད་པས་ཏང་རྩ་འཛུགས་ཀྱི་དམིགས་ཡུལ་རྟོགས་དགོས་པ་དང་། དོ་དམ་ནན་པོའི་ཁྲོད་ནས་ལས་ཀ་བྱེད་པ་དང་འཚོ་བ་རོལ་བར་གོམས་དགོས་པ་ལས། དོ་དམ་ནན་པོར་ཁ་གཡར་ནས་འགན་གཡོལ་དང་ལས་ཀར་སྒྱིད་ལུག་བྱེད་པ་གཏན་ནས་བྱེད་མི་ཉན།

ལས་བྱེད་པས་འགན་ཁུར་ཕོད་པ་དང་དོན་སྒྲུབ་ཕོད་པ་ནི་ཆབ་སྲིད་ཀྱི་གཤིས་སྤྱོད་ཡིན་ལ་སྲིད་སྐྱོང་བའི་གཞི་མའང་ཡིན། ཏང་གི་ལས་བྱེད་པས་ཏང་ལ་བློ་དཀར་ཞིང་། ཏང་གི་དཀའ་ངལ་སེལ་རོགས་དང་། ཏང་དོན་དུ་རང་འགན་གཙང་སྒྲུབ། དམངས་དོན་དུ་བདེ་སྐྱིད་སྐྲུན་པ་བཅས་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དང་། ས་སྲུང་གི་འགན་ཡོད་ཅིང་། ས་སྲུང་གི་འགན་འཁུར་བ་དང་། ས་སྲུང་གི་འགན་གཙང་སྒྲུབ་བཅས་འགན་འཁྲི་ཁུར་སེམས་ལ་བརྟེན་ནས། ཡིན་མིན་གྱི་གནད་དོན་ཆེན་པོའི་མདུན་དུ་རལ་གྲི་འཕྱར་ཕོད་པ་དང་། འགལ་བའི་མདུན་དུ་དཀའ་ངལ་ཁྱད་གསོད་བྱེད་ཕོད་པ། ཉེན་ཁའི་མདུན་དུ་ཐད་ཀར་གདོང་གཏོད་ཕོད་པ། ནོར་འཛོལ་གྱི་མདུན་དུ་འགན་འཁུར་ཕོད་པ། ཚུལ་མིན་སྤྱོད་ཡན་གྱི་མདུན་དུ་འཐབ་རྩོད་མཐའ་གཅིག་ཏུ་བྱེད་ཕོད་པ་བཅས་བྱེད་དགོས། མི་འདེམས་སྤྱོད་ཐད་ཐེག་ཁུར་ལ་སྣང་ཆེན་བྱེད་པའི་མངོན་གསལ་གྱི་ཁྲིད་ཕྱོགས་མཚོན་དགོས་པ་དང་། དོན་དག་ཁུར་དུ་ལེན་ཕོད་མིན་དང་། སྒྲུབ་འདོད་མིན། སྒྲུབ་ཐུབ་མིན་བཅས་ལས་བྱེད་པ་གདམ་གསེས་དང་། ལེགས་ཉེས་ཤན་འབྱེད། བྱ་དགའ་སྤྲོད་པ་དང་ཆད་པ་གཅོད་པ་དང་གོ་གནས་འཐེན་ཕབ་བཅས་ཀྱི་ཚད་གཞི་གལ་ཆེན་དུ་བརྩི་བ་དང་། ལས་བྱེད་པས་དོན་དག་ཅི་ཞིག་བསྒྲུབས་པ་དང་། དོན་དག་ཇི་ཙམ་བསྒྲུབས་པ། བསྒྲུབས་པའི་དོན་དག་རྩ་འཛུགས་དང་མང་ཚོགས་ཀྱིས་ཁས་ལེན་བྱེད་མིན་བཅས་ལས་བྱེད་པ་གདམ་གསེས་བྱེད་པའི་རྩ་བའི་གཞིར་འཛིན་སར་བྱས་ཏེ། འགན་འཁུར་ཕོད་པ་དང་། ཁུར་དུ་ལེན་ཕོད་པ། དོན་སྒྲུབ་མཁས་པ། གྲུབ་འབྲས་དངོས་འབུར་དུ་ཐོན་པ་བཅས་ཀྱི་ལས་བྱེད་གདམ་གསེས་དང་བཀོལ་སྤྱོད་བྱེད་དགོས།

ལས་བྱེད་པ་བཟང་པོ་ནི་འདེམས་སྒྲུག་བྱས་ནས་བྱུང་ལ་ལྷག་པར་དོ་དམ་བྱས་ནས་བྱུང་། དོ་དམ་ནན་པོ་ནི་བྱམས་སྐྱོང་བཟང་པོ་ཡིན་ཏེ། དེ་ནི་ལས་བྱེད་པར་འགན་དངོས་གནས་ཁུར་བ་ཡིན། སློབ་གསོ་ནན་པོ་དང་། དོ་དམ་ནན་པོ། ལྟ་སྐུལ་ནན་པོ་བཅས་རྒྱུན་འཁྱོངས་བྱས་ཏེ། ལས་བྱེད་པར་དོ་དམ་ནན་པོ་བྱ་རྒྱུ་དེ་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་བྱེད་པའི་གོ་རིམ་ཡོངས་སུ་དོན་འཁྱོལ་བྱེད་དགོས། དུས་མཚུངས་སུ་ཚན་རིག་དང་མཐུན་པའི་བྱེད་ཐབས་སྤྱད་དེ་དོ་དམ་བྱས་ནས་དོ་དམ་དངོས་གནས་གནད་ཁེལ་ཡོང་བར་བྱེད་དགོས། ལས་བྱེད་པར་དོ་དམ་བྱེད་པ་ནི་རིག་ཚན་ཞིག་ཡིན་ཏེ། དམ་འཛིན་བྱེད་ཕོད་ཅིང་དོ་དམ་བྱེད་མཁས་པོ་བྱེད་པ་དང་། ཇུས་བསྟར་གནད་ཁེལ་བྱས་ཏེ། རྩ་འཛུགས་ཀྱི་ཤུགས་ཚད་མངོན་པར་བྱེད་དགོས། དེ་ནི་སྒྱུ་རྩལ་ཞིག་ཀྱང་ཡིན་ཏེ། རྒྱབ་རྩ་དང་སྐུལ་མ་བྱེད་པ་དང་། གཅེས་སྐྱོང་དང་ཁོང་ཡངས་བྱས་ཏེ། རྩ་འཛུགས་ཀྱི་དོ་སྐྱིད་མངོན་པར་བྱེད་དགོས། རྩ་འཛུགས་ཀྱིས་འགན་འཁུར་ཕོད་པ་བྱས་ན། ད་གཟོད་ལས་བྱེད་པ་གདེང་དང་ལྡན་པར་འགྱུར། འགན་འཁྲི་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བའི་དུས་མཚུངས་སུ་གསར་གཏོད་ལ་སྐུལ་མ་དང་ནོར་འཛོལ་ལ་ཁོང་ཡངས་བྱེད་དགོས། འཚོལ་ཞིབ་བྱེད་ཚེ་ནོར་འཛོལ་འབྱུང་སྲིད་ལ། དོན་དག་སྒྲུབ་ན་ནོར་འཁྲུལ་འབྱུང་ཡང་སྲིད་དེ། དཀར་ཡོལ་འཁྲུད་ཚད་ཇི་ལྟར་མང་ན་གཅོག་ཚད་དེ་ལྟར་མང་ཡང་སྲིད། ང་ཚོས་ནོར་འཛོལ་གྱི་ངོ་བོ་དང་ཤུགས་རྐྱེན་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ་དང་། ངས་བཤད་པའི་“དབྱེ་བ་འབྱེད་དགོས་པ་གསུམ་”རྒྱུན་འཁྱོངས་བྱས་ཏེ། ལས་བྱེད་པས་ལས་སྒྲུབ་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་དངོས་གནས་སྲུང་སྐྱོང་བྱེད་དགོས།

ད་དུང་ཡིད་འཇོག་བྱ་དགོས་པའི་གནད་དོན་ཞིག་ནི། ལས་བྱེད་པ་རྣམས་དོན་མེད་ཀྱི་ལས་དོན་ཁྲོད་ནས་ཐར་ཐབས་བྱེད་དགོས་པ་དེ་ཡིན། ད་ལྟ་“རྗེས་ཤུལ་དོ་དམ་”ཅུང་ཡོངས་ཁྱབ་ཏུ་གྱུར་མོད་ཀྱང་། “རྗེས་ཤུལ་”ལས་“བྱས་འབྲས་”ལ་དོ་སྣང་མི་བྱེད་ཅིང་། “རྗེས་ཤུལ་”འཇོག་པ་ལས་“སེམས་རྩ་”འཁོལ་པོ་མི་བྱེད་པ། ཞིབ་བཤེར་དང་དཔྱད་ཞིབ་ཀྱི་རྣམ་གྲངས་མང་ལ་བྱུང་ཚད་མང་ཞིང་སྣེ་མང་བསྐྱར་ཟློས་ཡིན་པ། “ཡིག་ཆའི་རི་དང་ཚོགས་འདུའི་མཚོ་”ཆགས་པ་སོགས་ཕྱིར་སློག་འབྱུང་གི་འདུག གནད་དོན་དེ་རིགས་ཀྱིས་ལས་བྱེད་པའི་དུས་ཚོད་དང་ནུས་ཤུགས་མང་པོ་འཕྲོ་བརླག་ཏུ་གཏོང་བ་མ་ཟད། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱང་བསྐྱེད་ཡོང་གི་རེད། སྔོན་ཆད་དུས་རྒྱུན་དུ་“གོང་ན་སྐུད་པ་སྟོང་། འོག་ན་ཁབ་མིག་གཅིག་”ཅེས་ཟེར་ལ། ད་ལྟ་གཞི་རིམ་ལས་བྱེད་པས་“གོང་ན་ཐོ་བ་སྟོང་། འོག་ན་ཁབ་མིག་ཅིག་”ཅེས་དང་། “གོང་ན་རལ་གྲི་སྟོང་། འོག་ན་མགོ་བོ་གཅིག་”ཅེས་ཟེར་གྱི་འདུག གནས་ཚུལ་དེ་རིགས་ངེས་པར་དུ་བསྒྱུར་དགོས། ཏང་ཀྲུང་དབྱང་གིས་གནད་དོན་དེ་རིགས་ཡོ་བསྲང་བྱེད་ཐད་བླང་བྱ་བཏོན་ཡོད་པ་དང་། ས་ཁུལ་ཁག་སྡེ་ཚན་ཁག་ཕྱོགས་ཁག་བཅས་ཀྱིས་དོན་འཁྱོལ་ལེགས་པོ་བྱེད་དགོས། ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ཐད་ཤུགས་སྣོན་རྒྱག་དགོས་པ་དང་། རྗེས་ཤུལ་ག་ཚོད་བཞག་པ་དང་རྒྱུ་ཆ་ག་ཚོད་གོང་ཞུ་བྱས་པའི་ཐོག་ནས་ལས་ཀའི་བཟང་ངན་ཤན་འབྱེད་བྱེད་མི་ཉན། ད་ཡོད་ཀྱི་གཞི་གྲངས་དང་རྒྱུ་ཆ་བེད་སྤྱོད་ཐུབ་ཚེ་གཞི་རིམ་ནས་ཡང་ཡང་འདོན་སྤྲོད་བྱེད་དུ་འཇུག་པ་བྱེད་མི་ཉན་ལ། རང་ཉིད་སྟབས་བདེ་ཡོང་བའི་ཆེད་དུ་རྒྱུ་ཆ་འདྲ་བ་གཅིག་ཡང་ཡང་དང་ཐེངས་རེ་དང་ལོ་རེ་བཞིན་སྤྲོད་དུ་འཇུག་པ་བྱེད་མི་ཉན་ཞིང་། སྡེ་ཚན་ཁག་ཚང་མས་རྒྱུ་ཆ་འདྲ་བ་གཅིག་སྤྲོད་དུ་འཇུག་པ་བྱེད་མི་ཉན་ལ། མི་སུ་ཡིན་ཚང་མས་རྒྱུ་ཆ་སྤྲོད་དུ་འཇུག་པ་བྱེད་མི་ཉན། དེའི་ཐད་སྒྲིག་ལམ་ཞིག་ཡོད་དགོས་པ་དང་། གཞི་རིམ་རྒྱུ་ཆ་སྤྲོད་པའི་བྲེལ་ཟིང་ཁྲོད་ནས་བཅིངས་འགྲོལ་བྱེད་དགོས། རིམ་པ་ཁག་གིས་ལྟ་སྐུལ་ཞིབ་བཤེར་བྱེད་པའི་སྤྱི་འབོར་དང་ཐེངས་གྲངས་ཚོད་འཛིན་པ་དང་། རིགས་འདྲའི་དོན་ཚན་དག་ཟླ་སྒྲིལ་གཏོང་ཆོག་ཚེ་ཟླ་སྒྲིལ་བཏང་ནས་སྤེལ་ཏེ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་། གཞི་རིམ་གྱིས་དུས་ཚོད་སྔར་ལས་མང་པོ་ལས་ཀ་དོན་འཁྱོལ་བྱེད་པའི་སྟེང་སྤྱོད་དུ་འཇུག་དགོས།

ད་ལྟ་ང་ཚོས་རང་རྒྱལ་ལོ་རྒྱུས་སྟེང་གི་དཔོན་པོའི་སྐྱོང་ལུགས་ཤེས་རྟོགས་བྱེད་དགོས་ན། རང་རྒྱལ་ལོ་རྒྱུས་སྟེང་གི་དཔོན་པོའི་སྐྱོང་ལུགས་ཀྱི་གནད་དོན་ལས་བྱུང་བའི་ཡང་དག་པའི་བསམ་བློ་དང་ཕན་ལྡན་བྱེད་ཐབས་ལ་དཔེ་ལྟ་བྱེད་དགོས་པ་དང་། དུས་མཚུངས་སུ་རང་རྒྱལ་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་དཔོན་པོའི་སྐྱོང་ལུགས་ཀྱི་གནད་དོན་ཐད་གནས་པའི་སྐྱོན་ཆ་སྣ་ཚོགས་ཏེ། དཔེར་ན་ཉེ་དུ་ཁོ་ན་བསྐོ་གཞག་བྱེད་པ་དང་། ཤོག་ཁག་སྒྲིག་པ་དང་སྒེར་ཕན་དོན་གཉེར། མི་བཀོལ་སྤྱོད་དྲང་གཞག་མིན་པ། དཔོན་གནས་ཉོ་འཚོང་། མི་ལུས་གཞན་རྟེན། ཤོག་ཁག་བར་གྱི་འཐབ་རྩོད་རྒྱུན་མི་འཆད་པ། འདོད་ཧམ་ཆེ་ཞིང་བག་མེད་རྒྱས་སྤྲོས་བྱེད་པ། མི་སེར་ལ་ཐུབ་ཚོད་གཏོང་བ། དཔོན་གནས་ཆེ་འདོད་བྱེད་པ་ཚབས་ཆེ་བ། གང་གིས་དཔོན་གནས་བཟུང་གྱུར་ན། །དེ་འབྲེལ་ཚང་མ་དབང་ཤེད་ཆེ། །ཞེས་པ་ལྟ་བུ་སོགས་ལ་གསལ་པོར་རྟོགས་དགོས་ལ། དཔོན་སྐྱོང་རུལ་སུངས་ནི་རང་རྒྱལ་གྱི་རྒྱལ་རབས་རིམ་བྱུང་འཇིག་པའི་རྒྱུ་རྐྱེན་གལ་ཆེན་ཞིག་དེ་བས་ཀྱང་ཡིན། དེ་ནི་ང་ཚོས་ངེས་པར་དུ་སྡུད་ལེན་བྱེད་དགོས་པའི་ལོ་རྒྱུས་ཀྱི་བསླབ་བྱ་ཡིན། ང་ཚོའི་ཏང་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ཡིན་པ་དང་། ང་ཚོའི་ཏང་གི་རིམ་པ་ཁག་གི་ལས་བྱེད་པ་རྣམས་ནི་མི་དམངས་ཀྱི་སྤྱི་ཞབས་པ་དང་ཞབས་འདེགས་པ་ཡིན་པས། ལོ་རྒྱུས་སྟེང་གི་དཔོན་པོའི་སྐྱོང་ལུགས་དང་ངོ་བོའི་ཐོག་གི་ཁྱད་པར་ཡོད་ལ། ང་ཚོའི་ལས་བྱེད་པའི་དོ་དམ་དེའང་ལོ་རྒྱུས་སྟེང་གི་དཔོན་པོའི་སྐྱོང་ལུགས་དང་ཁྱད་པར་ཆེན་པོ་ཡོད། ང་ཚོས་རང་རྒྱལ་ལོ་རྒྱུས་སྟེང་གི་དཔོན་པོའི་སྐྱོང་ལུགས་ཀྱི་ཐོབ་ཤོར་ལ་དབྱེ་ཞིབ་བྱེད་དགོས་ན། ལས་བྱེད་པའི་དོ་དམ་ལས་ཀར་ཤུགས་སྣོན་དང་ལེགས་སྒྱུར་བྱས་ཏེ། ལོ་རྒྱུས་ཀྱི་རེས་འཁོར་དུས་ཡུན་གྱི་ཚད་ལས་འཐོན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འགོད་ཡོང་བར་དཔེ་གཞི་འདོན་སྤྲོད་བྱེད་དགོས།

བསོད་ནམས་དབང་རྒྱལ་གྱིས་བསྒྱུར།