རྩོད་སྒྲུབ་དངོས་གཙོ་རིང་ལུགས་ནི་ཀྲུང་གོའི་གུང་ཁྲན་ཏང་མིའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཡིན།

ཞི་ཅིན་ཕིང་།

རྩོད་སྒྲུབ་དངོས་གཙོ་རིང་ལུགས་ནི་ཀྲུང་གོའི་གུང་ཁྲན་ཏང་མིའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཡིན། བློ་མཐུན་མའོ་ཙེ་ཏུང་གིས་མར་ཁེ་སིའི་རིང་ལུགས་ལ་ཡོན་ཏན་འགའ་ཡོད་མོད། རྨང་གཞིར་གྱུར་པ་ནི་མར་ཁེ་སིའི་རིང་ལུགས་ཀྱི་མཚན་ཉིད་རིག་པ་ཡིན་ཞེས་གསུངས་མྱོང་ཡོད། ཁོང་གིས་གསར་བརྗེའི་དམག་འཁྲུག་གི་ལོ་རབས་སུ་བརྩམས་གནང་བའི་《དཔེ་དེབ་རིང་ལུགས་ལ་ངོ་རྒོལ་》དང་། 《ལག་ལེན་གྱི་རྣམ་བཤད་》《འགལ་བའི་རྣམ་བཤད་》ལ་སོགས་པའི་གསུང་རྩོམ་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་སྐབས་སུ་བརྩམས་གནང་བའི་《འབྲེལ་བ་ཆེན་པོ་བཅུའི་སྐོར་བཤད་པ་》དང་། 《མི་དམངས་ནང་ཁུལ་གྱི་འགལ་བ་ཐག་གཅོད་ཡང་དག་པ་བྱ་རྒྱུའི་སྐོར་གྱི་གནད་དོན་》ལ་སོགས་པའི་གསུང་རྩོམ་དུ། རྩོད་སྒྲུབ་དངོས་གཙོ་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་གང་ལ་གང་འཚམ་དུ་སྤྱད་དེ། ཀྲུང་གོའི་ཁྱད་ཆོས་འབུར་དུ་ཐོན་པའི་མར་ཁེ་སིའི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་དགོངས་དོན་ཆགས་ཡོད། ང་ཚོའི་ཏང་གིས་རྩོད་སྒྲུབ་དངོས་གཙོ་རིང་ལུགས་ཁོང་དུ་ཆུད་པ་དང་བེད་སྤྱོད་བྱེད་པར་འོད་སྟོང་འབར་བའི་དཔེ་བཟང་བཞག་ཡོད།

བློ་མཐུན་ཏེང་ཞའོ་ཕིན་ནི་རྩོད་སྒྲུབ་དངོས་གཙོ་རིང་ལུགས་ལ་བརྟེན་ནས་དོན་དངོས་ཀྱི་གནད་དོན་ཐག་གཅོད་ཧ་ཅང་བྱེད་མཁས་པ་ཞིག་ཡིན། ཁོང་གིས་ནན་གསུང་གནང་དོན། ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་འགལ་བ་གཙོ་བོ་དམ་པོར་བཟུང་སྟེ་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ངེས་པར་དུ་ལག་ལེན་ཐོག་ནས་ང་ཚོའི་ལས་ཀར་ཞིབ་བཤེར་བྱེད་དགོས་པ། “ཕན་ལྡན་གསུམ་”གྱི་ཚད་གཞི་རྒྱུན་འཁྱོངས་བྱེད་དགོས་པ། “ཕྱོགས་གཉིས་ཀ་འཛིན་པ་དང་ཕྱོགས་གཉིས་ཀ་དམ་པོར་འཛིན་པ་”དང་“རྡོ་ལ་ལག་མྱུལ་བྱེད་བཞིན་ཆུར་བརྒལ་བ་”ངེས་པར་དུ་རྒྱུན་འཁྱོངས་བྱས་ཏེ། འཆར་གཞི་དང་ཚོང་ར། སྔོན་ལ་ཕྱུག་འགྱུར་དང་མཉམ་དུ་ཕྱུག་འགྱུར་སོགས་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས། བློ་མཐུན་ཅང་ཙེ་རྨིན་གྱིས་བསྟན་དོན། “གལ་ཏེ་ཀླད་པའི་ནང་རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་མེད་ན། ལངས་ཕྱོགས་ཡང་དག་པ་དང་ཚན་རིག་དང་མཐུན་པའི་རྣམ་འགྱུར་ཐོག་ནས་རྙོག་འཛིང་ལྡན་པའི་ཕྱི་རོལ་ཡུལ་གྱི་བྱ་དངོས་ངོས་འཛིན་བྱེད་མི་ཐུབ་ལ། བྱ་དངོས་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་ཁོང་དུ་ཆུད་མི་སྲིད།” བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ཀྱང་“རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་འཇིག་རྟེན་ལྟ་ཚུལ་དང་བརྟག་ཐབས་སྨྲ་བ་ནི་མར་ཁེ་སིའི་རིང་ལུགས་ཀྱི་ཆེས་རྩ་བར་གྱུར་པའི་རིགས་པའི་གཞུང་ལུགས་ཀྱི་ཁྱད་ཆོས་རེད།”ཅེས་གསུངས་མྱོང་། མར་ཁེ་སིའི་རིང་ལུགས་ཀྱི་མཚན་ཉིད་རིག་པ་སློབ་སྦྱོང་དང་ཁོང་དུ་ཆུད་ཐབས་བྱས་ཏེ། དུས་སྐབས་གསར་པའི་གཞི་རྩའི་གནད་དོན་འཚོལ་ཞིབ་དང་ཐག་གཅོད་བྱེད་པའི་འཇོན་ནུས་ཧུར་བརྩོན་གྱིས་མཐོར་འདེགས་གཏོང་དགོས།

དེ་རིང་། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་“ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་དགོས་ན། ངེས་པར་དུ་མར་ཁེ་སིའི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་བློ་གྲོས་ཀྱི་སྙིང་བཅུད་ཟམ་མི་ཆད་པར་དང་ལེན་བྱེད་དགོས་པ་དང་། སྔར་ལས་རང་རྟོགས་ཀྱི་སྒོ་ནས་རྩོད་སྒྲུབ་དངོས་གཙོ་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་རྒྱུན་འཁྱོངས་དང་བེད་སྤྱོད་བྱེད་དགོས་པ། སྔར་ལས་ལེགས་པའི་སྒོ་ནས་ལས་ཀ་དངོས་ཀྱི་ནང་དུ་སྣང་ཚུལ་དང་ངོ་བོ་དང་། རྣམ་པ་དང་ནང་དོན། རྒྱུ་རྐྱེན་དང་འབྲས་བུ། སྟེས་དབང་དང་ལྡོག་མེད། འབྱུང་ངེས་དང་དངོས་ཡོད། ནང་རྐྱེན་དང་ཕྱི་རྐྱེན། སྤྱི་དང་བྱེ་བྲག་བཅས་ཀྱི་ཁྱད་པར་ཤེས་རྟོགས་བྱེད་ཅིང་། རྩོད་སྒྲུབ་ཀྱི་བསམ་གཞིགས་དང་འཐབ་ཇུས་ཀྱི་བསམ་གཞིགས་བྱེད་ནུས་ཆེ་རུ་གཏོང་བ་དང་། ལས་ཀ་ཁག་སྔར་བས་ཡག་པོར་བསྒྲུབ་དགོས།

ད་ལྟ། རང་རྒྱལ་གྱི་དོན་དངོས་དང་དུས་རབས་ཀྱི་ཆ་རྐྱེན་ལ་ཟུང་འབྲེལ་བྱས་ཏེ། རྩོད་སྒྲུབ་དངོས་གཙོ་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བར་སློབ་སྦྱོང་དང་བེད་སྤྱོད་བྱེད་དུས། གཤམ་གྱི་གནད་དོན་འགའ་ཐག་གཅོད་ཡག་པོ་བྱ་རྒྱུར་དོ་སྣང་བྱེད་དགོས།

དང་པོ། འཇིག་རྟེན་ཉིད་དངོས་པོར་གཅིག་ཏུ་གྱུར་པ་དང་། དངོས་པོས་འདུ་ཤེས་ཐག་གཅོད་པའི་རྩ་བའི་རིགས་པ་སློབ་སྦྱོང་དང་ཁོང་དུ་ཆུད་དགོས་པ་དང་། ཕྱི་རོལ་ཡུལ་གྱི་དོན་དངོས་དང་བསྟུན་ནས་སྲིད་ཇུས་གཏན་འབེབས་དང་ལས་དོན་ལ་སྐུལ་འདེད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། འཇིག་རྟེན་དང་དངོས་པོའི་གཅིག་གྱུར་རང་བཞིན་གྱི་རྩ་བའི་རིགས་པ་ནི་རྩོད་སྒྲུབ་དངོས་གཙོ་རིང་ལུགས་ཀྱི་ཆེས་གཞི་རྩར་གྱུར་པ་དང་ཆེས་སྲོག་ཤིང་དུ་གྱུར་པའི་ལྟ་བ་ཡིན་ལ། མར་ཁེ་སིའི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་རྨང་རྡོའང་ཡིན། ཨེན་ཀེ་སིས་བསྟན་དོན། “འཇིག་རྟེན་གྱི་དངོས་དོན་གྱི་གཅིག་གྱུར་རང་བཞིན་ནི་དེའི་དངོས་པོའི་རང་བཞིན་ཡིན། དངོས་པོའི་རང་བཞིན་འདི་ནི་མིག་འཕྲུལ་མཁས་ཅན་གྱི་ཚིག་གཉིས་གསུམ་གྱིས་བདེན་དཔང་བྱེད་ཐུབ་པ་ཞིག་མིན་པར། དེ་ནི་མཚན་ཉིད་རིག་པ་དང་རང་བྱུང་ཚན་རིག་དུས་ཡུན་རིང་པོར་རྒྱུན་མཐུད་གོང་འཕེལ་བྱུང་བ་ལས་བདེན་དཔང་བྱས་པ་ཞིག་རེད།” ལྟ་བ་འདིར་བརྩི་སྲུང་བྱེད་སྐབས་ཆེས་གལ་ཆེ་བ་ནི་བྱ་བ་གང་བྱེད་པར་ཕྱི་རོལ་ཡུལ་གྱི་དོན་དངོས་དང་བསྟུན་རྒྱུ་རྒྱུན་འཁྱོངས་བྱེད་པ་ལས་རང་སྣང་གི་བསམ་འདུན་དང་བསྟུན་རྒྱུ་མེད་པ་དེ་རེད།

དེང་རབས་ཀྲུང་གོའི་ཆེས་ཆེ་བའི་ཕྱི་རོལ་ཡུལ་གྱི་དོན་དངོས་ནི་ཅི་ཞིག་ཡིན་ཞེ་ན། དེ་ནི་རང་རྒྱལ་འདི་ཉིད་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་ཡོད་པར་མ་ཟད་ད་དུང་ཡུན་རིང་དུ་གནས་ངེས་ཡིན་པ་དེ་རེད། འདི་ནི་ང་ཚོས་ད་ལྟ་ལ་ངོས་འཛིན་དང་། མ་འོངས་ལ་འཆར་འགོད། སྲིད་ཇུས་གཏན་འབེབས། བྱ་གཞག་སྐུལ་སྤེལ་བཅས་བྱེད་པའི་ཕྱི་རོལ་ཡུལ་གྱི་གཞི་གནས་ཡིན་པས། གཞི་གནས་འདི་དང་ཁ་འབྲལ་མི་རུང་། དེ་ལས་ལྡོག་ན། ནོར་འཁྲུལ་འབྱུང་སྲིད་ལ། ཐ་ན་མགོ་མཇུག་སློག་པའི་ནོར་འཁྲུལ་ཆེན་པོ་འབྱུང་སྲིད། གནད་དོན་འདི་ལ་བློ་མཐུན་མང་པོ་ཞིག་གིས་ངོས་འཛིན་གསལ་པོ་ཡོད་མོད། འོན་ཀྱང་གནད་དོན་བྱེ་བྲག་ལ་འཕྲད་སྐབས། བློ་མཐུན་ཁ་ཤས་ལ་“མེ་ཏོག་སྣ་བརྒྱས་མིག་དབང་འཁྲུལ་བའི་”གནས་ཚུལ་བྱུང་དང་འབྱུང་བཞིན་ཡོད། ནམ་རྒྱུན་རང་སྣང་རིང་ལུགས་ཀྱི་བྱ་དངོས་མང་པོ་ཐོན་སྲིད་པ་དང་། སྐབས་འགར་ཀླད་ཚ་རྒྱས་པ་དང་སྟོང་བསམ་འཆང་བ། མི་ལ་ལས་བྲང་ཁོག་བརྡུངས་ནས་ཇུས་ཐག་གཅོད་པ་དང་། མུན་འཐོམས་ཀྱིས་ལས་སྣ་སྤེལ་བ་དང་ལས་གཞི་འདོན་པའམ། ཡང་ན་དོན་དངོས་དང་མི་མཐུན་པའི་དམིགས་ཚད་མཐོན་པོ་འདོན་པ་བཅས་ལ་དགའ་པོ་ཡོད། དེའི་མཇུག་འབྲས་ནི་དམངས་ངལ་རྒྱུ་ཟད་དང་ཐོབ་པ་ལས་ཤོར་བ་མང་པོ་ཡོད། གནད་དོན་འདི་འདྲ་བྱུང་བའི་རྒྱུ་མཚན་ཅི་ཡིན། ཐ་ན་ཡང་ནས་བསྐྱར་དུ་གནད་དོན་འདི་འདྲ་བྱུང་བའི་རྒྱུ་མཚན་ཅི་ཡིན་ནམ་ཞེ་ན། བསམ་བློའི་འབྱུང་རྩའི་ཐད་ནས་བལྟས་ན། བྱ་བ་གང་བྱེད་པར་དོན་དངོས་དང་བསྟུན་ཐུབ་མེད་པའི་རྐྱེན་གྱིས་རེད།

ཕྱི་རོལ་ཡུལ་གྱི་དོན་དངོས་ནི་འགྱུར་བ་གཏན་ནས་མེད་པ་ཞིག་མ་ཡིན་པར། དེ་ལ་འཕེལ་རྒྱས་དང་འགྱུར་ལྡོག་ཟམ་མི་ཆད་པར་བྱུང་དང་འབྱུང་བཞིན་ཡོད་པ་ནི་སྨོས་ཅི་དགོས། “འགྱུར་ལྡོག་ནི་གནམ་འོག་གི་ཆོས་ཉིད་ཅིག་ཡིན་”ཞེས་པ་ལྟ་བུའོ། ། “བྱ་བ་ཐམས་ཅད་དོན་དངོས་དང་ཟུང་འབྲེལ་སྒོས་རྒྱུན་འཁྱོངས་བྱེད་དགོས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་ཀྱི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་མེད་པ་དེ་མཐོང་ཐུབ་པ་བྱེད་དགོས་ལ། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་མཚམས་ཁག་ནང་མངོན་པའི་ཁྱད་ཆོས་གསར་པའང་མཐོང་ཐུབ་པ་བྱེད་དགོས། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་དང་། ཕྱོགས་བསྡུས་རྒྱལ་སྟོབས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་བཅས་ལ་ལོ་རྒྱུས་རང་བཞིན་གྱི་མཆོངས་སྐྱོད་མངོན་འགྱུར་བྱུང་ཡོད། རང་རྒྱལ་གྱི་གཞི་རྩའི་གནས་ཚུལ་གྱི་ནང་དོན་ལ་ཟམ་མི་ཆད་པར་འགྱུར་ལྡོག་འབྱུང་བཞིན་ཡོད་ལ། ང་ཚོའི་མདུན་དུ་ལྷགས་པའི་རྒྱལ་སྤྱི་རྒྱལ་ནང་གི་ཉེན་ཁ་དང་དཀའ་གནད་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། སྔོན་ཆད་དུས་ཡུན་རིང་པོའི་ནང་ང་ཚོ་སྡུག་ལ་སྦྱར་མྱོང་བའི་འགལ་བ་ཁ་ཤས་མེད་པར་སོང་ཡོད་མོད། འོན་ཀྱང་འགལ་བ་གསར་པ་རྒྱུན་མི་ཆད་པར་ཐོན་གྱི་ཡོད། དེའི་ནང་གི་མང་ཆེ་བ་ཞིག་ནི་ང་ཚོ་འཕྲད་མྱོང་མེད་པ་དང་ཐག་གཅོད་བྱས་མྱོང་མེད་པ་ཞིག་ཡིན། གལ་ཏེ་ང་ཚོས་འདས་ཟིན་པའི་ཀྲུང་གོའི་དོན་དངོས་ལས་བྱུང་བའི་ངོས་ཟིན་མཁྲེགས་འཛིན་བྱས་ནས་འགྱུར་ལྡོག་མི་གཏོང་བ་དང་། སྡོང་རྩར་བསྡད་ནས་རི་བོང་སྒུག་པ་དང་གྲུ་རྟགས་ཤུལ་དུ་རལ་གྲི་འཚོལ་བའི་དཔེ་ལྟར་བྱས་ན། ང་ཚོ་མདུན་སྐྱོད་བྱེད་དཀའ་བ་རེད། ང་ཚོས་ཡང་དག་པའི་སྒོ་ནས་རྒྱལ་སྤྱི་རྒྱལ་ནང་གི་ཁོར་ཡུག་གི་འགྱུར་ལྡོག་ལ་ཤེས་རྟོགས་བྱེད་པ་དང་། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ལ་རྩོད་སྒྲུབ་ཀྱིས་དབྱེ་ཞིབ་བྱེད་ལ། རང་རྒྱལ་གྱི་འཕེལ་རྒྱས་དུས་རིམ་སོ་སོའི་འགྱུར་ལྡོག་གསར་པ་དང་ཁྱད་ཆོས་གསར་པར་ཤེས་རྟོགས་ཡང་དག་བྱས་ཏེ། རང་སྣང་གི་འཇིག་རྟེན་དེ་ཕྱི་རོལ་ཡུལ་གྱི་དོན་དངོས་དང་སྔར་བས་མཐུན་པར་བྱེད་པ་དང་། དོན་དངོས་དང་བསྟུན་ནས་ལས་ཀའི་བྱེད་ཕྱོགས་གཏན་འབེབས་བྱེད་དགོས། འདི་ནི་ང་ཚོས་ངེས་པར་དུ་སེམས་སུ་དམ་པོར་འཛིན་དགོས་པའི་ལས་ཀའི་བྱེད་ཐབས་ཤིག་རེད།

ད་དུང་སྟོན་དགོས་པ་ཞིག་ནི། རྩོད་སྒྲུབ་དངོས་གཙོ་རིང་ལུགས་ཀྱིས་འཇིག་རྟེན་གྱི་གཅིག་གྱུར་རང་བཞིན་ནི་དེའི་དངོས་པོའི་རང་བཞིན་ལ་ཐུག་ཡོད་པ་ནན་བཤད་བྱེད་ཀྱི་ཡོད་མོད། འོན་ཀྱང་། དེས་འདུ་ཤེས་ཀྱིས་དངོས་པོར་ལྡོག་ནུས་ཐོན་ཚུལ་ལ་ཁས་མི་ལེན་པ་མིན་པར། ལྡོག་ནུས་དེ་སྐབས་འགར་ཧ་ཅང་ཆེན་པོ་ཡིན་ལུགས་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོའི་ཏང་གིས་ཕུགས་བསམ་དང་དད་སེམས་ནི་གུང་ཁྲན་ཏང་མིའི་བསམ་པའི་ཐོག་གི་“ཀལ་”ཡིན་ཞིང་། “གསར་བརྗེའི་ཕུགས་བསམ་གནམ་ལས་མཐོ་བར་”ནན་བཤད་བྱས། དེ་ནི་བསམ་པ་དངོས་པོར་འགྱུར་བ་དང་། དངོས་པོ་བསམ་པར་འགྱུར་བའི་རྩོད་སྒྲུབ་རིག་པ་ཡིན། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཕུགས་བསམ་དང་དད་སེམས་བརྟན་པོ་ཡོད་ཅིང་ལས་སྒྲུབ་ལས་སྐྲུན་གྱི་སྙིང་སྟོབས་ཆེན་པོ་ལྡན་པ་དང་། མི་དམངས་མང་ཚོགས་ཀྱིས་སྙིང་སྟོབས་ཆེར་སྐྱེད་དང་འབད་བརྩོན་ཆེན་པོ་བྱེད་ཐུབ་པ་ཡིན་ན། འཇིག་རྟེན་ཐོག་ཏུ་བྱ་བ་ངོ་མཚར་ཅན་མང་པོ་གསར་སྐྲུན་བྱེད་ཐུབ། གལ་ཏེ་ཏང་ཡོན་དང་ལས་བྱེད་པའི་ཕུགས་བསམ་ལ་གཡོ་འགུལ་ཐེབས་ཤིང་དམིགས་ཡུལ་ཉམས་དམས་སུ་གྱུར་པ་དང་། མི་དམངས་མང་ཚོགས་ཀྱིས་སྙིང་སྟོབས་ཉམས་ནས་སྐྱིད་ཆགས་སྡུག་གཡོལ་བྱས་ན། རྟག་ཏུ་སྒྲུབ་ཐུབ་པའི་བྱ་བའང་འགྲུབ་མི་ཐུབ་པར་འགྱུར། དེར་བརྟེན། ང་ཚོས་ངེས་པར་དུ་ཕུགས་བསམ་དང་དད་སེམས་སྐོར་གྱི་སློབ་གསོ་བྱེད་པ་དང་། བསམ་བློ་དང་ཀུན་སྤྱོད་ལེགས་སྐྱོང་བྱེད་པ། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀ་བཅས་ལ་ལྷོད་གཡེང་སྤུ་ཙམ་གཏོང་མི་རུང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དར་སྤེལ་ཤུགས་ཆེན་གཏོང་ཞིང་། དུས་རབས་ཀྱི་ཉམས་འགྱུར་ལྡན་པའི་ཀྲུང་གོའི་སྙིང་སྟོབས་ཀྱིས་ཀྲུང་གོའི་སྟོབས་ཤུགས་གོང་བུར་འགྲིལ་བར་བྱེད་དགོས།

གཉིས་པ། བྱ་དངོས་ཉིད་འགལ་བའི་ཐོག་ནས་འགུལ་སྐྱོད་ཡོང་བའི་རྩ་བའི་རིགས་པ་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱས་ཏེ། རྒྱུན་ཆད་མེད་པར་འདུ་ཤེས་ཀྱི་གནད་དོན་ལ་ཤུགས་སྣོན་རྒྱག་པ་དང་། མདུན་སྐྱོད་བྱེད་རིང་འཕྲད་པའི་འགལ་བ་རྣམས་ཧུར་ཐག་གིས་ཁ་གཏད་དང་སེལ་ཐབས་བྱེད་དགོས། ཀྲུང་གོ་བས་སྔ་མོ་ནས་འགལ་བའི་དོན་སྤྱི་ཤེས་ཡོད་དེ། “གདགས་དང་སྲིབ་གཉིས་ལྡན་པ་ནི་གནས་ལུགས་ཡིན་”ཞེས་པ་ལྟར་ཡིན། འགལ་བ་ནི་ཡོངས་ཁྱབ་ཏུ་གནས་ཡོད་ཅིང་། འགལ་བ་ནི་བྱ་དངོས་ཀྱི་འབྲེལ་བའི་ནང་དོན་དངོས་དང་བྱ་དངོས་འཕེལ་རྒྱས་འགྲོ་བའི་རྩ་བའི་སྒུལ་ཤུགས་ཡིན། མི་རྣམས་ཀྱི་ཤེས་རྟོགས་ཀྱི་བྱེད་སྒོ་དང་ལག་ལེན་གྱི་བྱེད་སྒོ་ནི་རྩ་བའི་ཐད་ནས་བཤད་ན། རྒྱུན་མི་ཆད་པར་འགལ་བ་ལ་ངོས་འཛིན་དང་། རྒྱུན་མི་ཆད་པར་འགལ་བ་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཡིན།

གནད་དོན་ནི་བྱ་དངོས་འགལ་བར་འགྱུར་བའི་མངོན་ཚུལ་ཞིག་ཡིན་པས། ང་ཚོས་གནད་དོན་གྱི་འདུ་ཤེས་ཇེ་ཆེར་གཏོང་བ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་ནི་འགལ་བའི་ཡོངས་ཁྱབ་ཀྱི་རང་བཞིན་ཁས་བླངས་པ་རེད། འགལ་བ་ངོས་འཛིན་དང་ཐག་གཅོད་བྱ་རྒྱུ་དེ་ལས་ཀའི་རྣམ་པ་གསར་དུ་གཏོད་པའི་འགག་གནད་སྒྲོལ་སར་འཛིན་མཁས་པོ་བྱེད་དགོས། མིག་སྔར། རང་རྒྱལ་ནི་འཕེལ་རྒྱས་ཀྱི་གནད་འགག་དུས་སྐབས་དང་། སྒྱུར་བཅོས་ཀྱི་འགག་སྒྲོལ་དུས་སྐབས། འགལ་བ་འབུར་དུ་ཐོན་པའི་དུས་སྐབས་བཅས་སུ་སླེབས་ཟིན། ང་ཚོའི་མདུན་དུ་ལྷགས་པའི་འགལ་བ་སྔར་བས་རྙོག་འཛིང་ཆེ་བ་དང་། སྔོན་ཆད་དུས་ཡུན་རིང་པོར་གསོག་འཇོག་ཐེབས་པ་ལས་བྱུང་བའི་འགལ་བ་ཡོད་ལ། འགལ་བ་རྙིང་པ་ཐག་གཅོད་བྱེད་པའི་གོ་རིམ་ནང་དུ་ཐོན་པའི་འགལ་བ་གསར་པའང་ཡོད། དེ་དག་ལས་མང་ཆེ་བ་ནི་གནས་བབ་དང་ཁོར་ཡུག་ལ་འགྱུར་བ་བྱུང་བ་དང་ཆབས་ཅིག་གསར་དུ་ཐོན་པའི་འགལ་བ་རེད། འགལ་བ་འདི་དག་ཁྲོད་མང་ཤོས་ནི་འཕེལ་རྒྱས་ཀྱི་དུས་རིམ་འདིའི་ནང་གང་ལྟར་ཐོན་ངེས་པ་ཞིག་ཡིན་པས་གཡོལ་ཐབས་གཏན་ནས་མེད་པ་རེད།

ང་ཚོའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་བྱེད་པའི་དམིགས་ཡུལ་ནི་ཀྲུང་གོའི་གནད་དོན་དངོས་ཐག་གཅོད་བྱེད་ཆེད་ཡིན། གལ་ཏེ་འགལ་བ་མཐོང་བཞིན་དུ་སྣང་མེད་འཇོག་པ་དང་། ཐ་ན་འགལ་བ་གཟུར་གཡོལ་དང་གཡོ་འགེབས་བྱེད་པ། འགལ་བར་ཐུག་དུས་དཔའ་ཞུམ་ནས་མདུན་དུ་སྐྱོད་མི་ཕོད་པ། འགལ་བ་ངན་འགྱུར་བྱུང་བར་བཀག་འགོག་མི་བྱེད་པར་བལྟས་ནས་སྡོད་པ་བཅས་བྱས་ཚེ། ངན་ལོབས་བསྒྱུར་དཀའ་མོ་འབྱུང་ལ། མཇུག་མཐར་གསབ་ཐབས་བྲལ་བའི་གྱོང་གུན་ཐེབས་ཀྱི་རེད། “སྲ་མཁྲེགས་ཀྱི་ཆུ་རགས། གྲོག་མའི་ཚང་གིས་གཏོར་ལ། དཔང་མཐོའི་ཁང་པ། དུ་ཁུང་སྲུབས་ཀས་བསྲེགས་”ཞེས་པ་ལྟར། འགལ་བ་ཉིད་ཚད་ངེས་ཅན་ཞིག་ཏུ་བསགས་ཚེ་ངོ་བོ་ཐོལ་བྱུང་དུ་འགྱུར་ལྡོག་འབྱུང་ངེས་རེད། འགལ་བར་འཛིན་པའི་རྣམ་འགྱུར་ཡང་དག་པ་ནི་འགལ་བར་ཐད་ཀར་ཁ་གཏད་གཅོག་པ་དང་། འགལ་བའི་གཅིག་རམ་གཅིག་འདེགས་ཀྱི་ཁྱད་ཆོས་བཀོལ་སྤྱོད་བྱས་ཏེ། འགལ་བ་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཁྲོད་བྱ་དངོས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པ་དེ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ། ང་ཚོས་སྟབས་བདེའི་སྒོ་ནས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་འཕར་ཚད་ལ་ལྟོས་ནས་གྲུབ་འབྲས་ཡོད་མིན་གླེང་མི་རུང་བ་ནན་བཤད་བྱས་ལ། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་ངང་བསྒྱུར་དགོས་པ་དང་། དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་བྱེད་དགོས་པར་བཏོན་ཞིང་། ཐོན་ནུས་ལྷག་ཐལ་ཤོར་བ་ཐག་གཅོད་དགོས་པར་བཏོན་ལ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་བཏོན་ཡོད་པ་སོགས་སོ། ། འདི་དག་ཚང་མ་ཤུགས་རྐྱེན་ཐེབས་རྒྱ་ཆེ་ཞིང་། ཟུང་སྦྱོར་རང་བཞིན་ཆེ་བའི་གཏིང་རིམ་གྱི་འགལ་བར་དམིགས་ཡོད་པ་རེད། གལ་ཏེ་ང་ཚོས་དཀའ་སྤྱད་མདུན་སྐྱོད་དང་བབ་བསྟུན་སྣེ་ཁྲིད། རི་གཤགས་ལམ་གཏོད་དང་ཆུ་བོར་ཟམ་སྐྲུན་མ་བྱས་ཚེ། འགལ་བ་འདི་ལྟ་བུ་ཉིན་བཞིན་ཇེ་མང་དུ་གསོག་འཇོག་འབྱུང་ལ། དེ་དག་ཕན་པ་མེད་པའི་ཕྱོགས་སུ་འགྱུར་སྲིད་པ་དང་། མཇུག་མཐར་འགོག་རྐྱེན་དུ་འགྱུར་བ་མ་ཟད་ཐ་ན་གཏོར་བརླག་གི་རང་བཞིན་ལྡན་པའི་སྟོབས་ཤུགས་སུའང་འགྱུར་སྲིད།

ཧུར་བརྩོན་གྱིས་འགལ་བར་ཁ་གཏད་དང་། འགལ་བ་ཐག་གཅོད་བྱེད་དགོས་ལ། ད་དུང་འགལ་བ་གཙོ་བོ་དང་འགལ་བ་ཕལ་པ་དང་། འགལ་བའི་ཕྱོགས་གཙོ་བོ་དང་འགལ་བའི་ཕྱོགས་ཕལ་པའི་བར་གྱི་འབྲེལ་བ་སྟངས་འཛིན་ལེགས་པོ་བྱ་རྒྱུར་དོ་སྣང་བྱེད་དགོས། དེ་ནི་“གཙོ་བོ་བཟུང་ན་ཡན་ལག་ངང་གིས་ཐོན་”ཞེས་པ་ལྟ་བུའོ། ། རྙོག་འཛིང་ཆེ་བའི་གནས་བབ་དང་དཀའ་ཚེགས་ཆེ་བའི་ལས་འགན་ལ་ཁ་གཏད་འཇལ་སྐབས། ཐོག་མར་ཁྱོན་ཡོངས་ཀྱི་འདུ་ཤེས་ཡོད་དགོས། འགལ་བ་སྣ་ཚོགས་ལ་གདེང་ཚོད་ཡོད་པ་བྱེད་དགོས་པ་དང་དུས་མཚུངས་སྔོན་ལ་འགལ་བ་གཙོ་བོ་དང་འགལ་བའི་ཕྱོགས་གཙོ་བོ་ཐག་གཅོད་བྱས་ཏེ། འགལ་བ་གཞན་དག་ཐག་གཅོད་བྱེད་པར་སྐུལ་འཁྲིད་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ཏུ། ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་བཅས་མཐུན་སྦྱོར་ངང་མདུན་དུ་སྐུལ་དགོས་པ་བཏོན་ཡོད། “ཕྱོགས་ཡོངས་བཞི་”ལ་སྐུལ་འདེད་གཏོང་བའི་གོ་རིམ་ནང་དུ་ང་ཚོས་སྤྱིའི་འཆར་འགོད་ལ་དོ་སྣང་ཆེན་པོ་བྱེད་དགོས་ལ། “གླང་སྣ་”དམ་འཛིན་བྱ་རྒྱུར་ཡང་དོ་སྣང་ཆེན་པོ་བྱེད་དགོས། དཔེར་ན། ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་བྱ་རྒྱུའི་ཐད་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱེད་དགོས་ལ། “འབྱོར་འབྲིང་དུ་སླེབས་མིན་གྱི་འགག་རྩ་དེ་ཡུལ་མི་སྤུན་ཟླར་ལྟ་དགོས་”ཞེས་ནན་བཤད་ཀྱང་བྱེད་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་གཏོང་རྒྱུའི་ཐད་ལ་རྩེ་རིམ་གྱི་ཇུས་འགོད་བྱེད་དགོས་ལ། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་མངོན་གསལ་གྱིས་དམ་འཛིན་བྱེད་རྒྱུ་ནན་བཤད་ཀྱང་བྱེད་དགོས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་ཐད་ལ་རྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱེད་དགོས་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་དེ་ཉིད་སྤྱིའི་དམིགས་འབེན་དང་སྤྱིའི་འཆང་གཟུང་བྱེད་སར་འཛིན་དགོས་ལུགས་ཀྱང་ནན་བཤད་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བར་བླང་བྱ་རབ་དང་རིམ་པ་འདོན་དགོས་ལ། ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་བྱ་རྒྱུ་དེ་འགག་གནད་སྒྲོལ་སར་བཟུང་སྟེ། མི་དམངས་མང་ཚོགས་ཀྱིས་བསམ་འཆར་ཆེ་བའི་“སྤྱོད་ཚུལ་བཞིའི་”གནད་དོན་ཤུགས་ཆེན་པོས་ཐག་གཅོད་བྱེད་ཅིང་། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་གནད་དོན་ལ་ཤུགས་བཏོན་ནས་ཐག་གཅོད་བྱེད་དགོས། ལས་ཀ་གང་ཞིག་གི་ནང་དུའང་ང་ཚོས་གནད་གཉིས་སྨྲ་བ་ལ་དང་དོད་བྱེད་དགོས་ལ། གཙོ་གནད་སྨྲ་བ་ལ་ཡང་དང་དོད་བྱེད་དགོས། གཙོ་ཕལ་དབྱེ་བ་མི་འབྱེད་ཅིང་། ཉ་དང་སྦལ་པ་མཉམ་དུ་བཟུང་བ་ཡིན་ན་ལས་དོན་ཡག་པོ་ཞིག་འགྲུབ་མི་ཐུབ།

གསུམ་པ། དངོས་གཙོ་རྩོད་སྒྲུབ་རིག་པའི་རྩ་བའི་བྱེད་ཐབས་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱས་ཏེ་རྩོད་སྒྲུབ་ཀྱི་བསམ་གཞིགས་བྱེད་ནུས་སྔར་ལས་ཆེ་རུ་གཏོང་བ་དང་། རྙོག་འཛིང་ཆེ་བའི་གནས་ཚུལ་ཁ་ལོ་སྒྱུར་བ་དང་རྙོག་འཛིང་ལྡན་པའི་གནད་དོན་ཐག་གཅོད་བྱེད་པའི་འཇོན་ནུས་ཆེ་རུ་གཏོང་དགོས། “བྱ་བ་གང་བྱེད་པར་ཐབས་ལ་བསྟེན་ཚེ་ད་གཟོད་འགྲུབ་པར་ངེས་”ཞེས་པ་ལྟར། ང་ཚོའི་བྱ་གཞག་གཏིང་ཟབ་པའི་ཕྱོགས་སུ་འཕེལ་རྒྱས་ཇི་ཙམ་བྱུང་ན་དེ་ཙམ་གྱིས་རྩོད་སྒྲུབ་ཀྱི་བསམ་གཞིགས་བྱེད་ནུས་མུ་མཐུད་ཆེ་རུ་གཏོང་དགོས། མིག་སྔར། རང་རྒྱལ་སྤྱི་ཚོགས་ཀྱི་ཁེ་ཕན་གྱི་འབྲེལ་བ་སྣ་ཚོགས་རྙོག་འཛིང་ཧ་ཅང་ཆེན་པོ་ཡོད་པས། ང་ཚོས་ཆ་ཤས་དང་ཁྱོན་ཡོངས་དང་། དེང་སྐབས་དང་ཡུན་རིང་། གཙོ་གནད་དང་གཙོ་གནད་མིན་པ་བཅས་ཀྱི་འབྲེལ་བ་ཐག་གཅོད་བྱེད་མཁས་པོ་དགོས། དགེ་སྐྱོན་དཔྱད་ཞིབ་བྱེད་རིང་ཕན་གཉེར་གནོད་གཡོལ་བྱེད་པ་དང་དགེ་མཚན་ཆེན་པོ་ལྡན་པའི་འཐབ་ཇུས་ཀྱི་གདམ་ག་རྒྱག་དགོས། ང་ཚོས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། གནས་སྐབས་འཁྱོལ་ཐབས་ཙམ་མི་བྱེད་པར། སྒྱུར་བཅོས་ཀྱི་རྒྱུད་རིམ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཉམ་སྒྲུབ་རང་བཞིན་བཅས་འབུར་དུ་ཐོན་པར་བྱེད་དགོས། དེ་དང་དུས་མཚུངས་སུ། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་དུ། ང་ཚོས་ས་ཁུལ་མི་འདྲ་བ་དང་། ལས་རིགས་མི་འདྲ་བ། ཚོགས་སྤྱི་མི་འདྲ་བ་བཅས་ཀྱི་ཁེ་ཕན་རེ་ཞུ་ལ་བསམ་གཞིགས་གང་ལེགས་བྱེད་ཅིང་། ཕྱོགས་སོ་སོའི་ཁེ་ཕན་གྱི་སྣོལ་ས་དང་འབྲེལ་ས་ཤེས་རྟོགས་ཡང་དག་པ་བྱས་ཏེ། སྒྱུར་བཅོས་ཀྱི་གྲུབ་འབྲས་སྔར་ལས་མང་བ་ཞིག་དེ་བས་དྲང་སྙོམས་ཀྱི་ཐོག་ནས་མི་དམངས་ཡོངས་ལ་ཐོབ་པར་བྱེད་དགོས།

དངོས་གཙོ་རྩོད་སྒྲུབ་རིག་པ་སློབ་སྦྱོང་དང་བེད་སྤྱོད་བྱེད་ཚེ་གཟུགས་འདས་རིག་པའི་བསམ་བློ་གཏོང་སྟངས་ལ་ངོ་རྒོལ་བྱེད་དགོས། གནད་དོན་འདི་ང་ཚོའི་མེས་པོ་རྣམས་ཀྱིས་སྔར་ནས་ཤེས་ཡོད་དེ། གནའ་བོའི་གཏམ་རྒྱུད་མང་པོ་ཞིག་ཏུ་གཟུགས་འདས་རིག་པར་སྐྱོན་བརྗོད་དང་འཕྱ་སྨོད་བྱས་ཡོད། དཔེར་ན། ལོང་བས་གླང་ཆེན་རེག་པ། རྐང་པ་ཁྲེ་ཙེར་ཚད་པ། ཁྲོན་པའི་ནང་ནས་གནམ་ལ་ལྟ་བ། རྣ་བ་བཀབ་ནས་དྲིལ་བུ་རྐུ་བ། ལྗང་མྱུག་འཐེན་ནས་སྐྱེས་རོགས་བྱེད་པ། གཡག་སྣ་ཁུ་ཚུར་གྱིས་འབིགས་པ། སྦྲུལ་ལ་རྐང་ལག་འབྲི་བ་སོགས་ལྟ་བུའོ། །འཛམ་གླིང་ཐོག་གཟུགས་འདས་རིག་པ་ནི་ལས་སླ་ཤོས་ཤིག་རེད། དེ་ནི་ཕྱི་རོལ་ཡུལ་གྱི་དོན་དངོས་ལ་མི་གཞིགས་པ་དང་ཕྱི་རོལ་ཡུལ་གྱི་དོན་དངོས་ཀྱི་ཞིབ་བཤེར་མི་ཐེབས་པར་རང་སྣང་གང་ཤར་དུ་བཤད་ཆོག་པས་རེད། དངོས་གཙོ་རྩོད་སྒྲུབ་རིག་པ་རྒྱུན་འཁྱོངས་བྱེད་དགོས་ཚེ། སྟོབས་ཤུགས་ཆེན་པོ་འདོན་པ་དང་འབད་བརྩོན་ངོ་མ་བྱེད་དགོས་པ་རེད། ང་ཚོས་ཕྱོགས་གཅིག་ནས་བརྟག་དཔྱད་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕྱི་རོལ་ཡུལ་གྱི་དོན་དངོས་ལ་ཤེས་རྟོགས་ཡང་དག་བྱེད་པ་དང་། དོན་དངོས་ཐོག་ཆོས་ཉིད་ཁོང་དུ་ཆུད་པ་བྱེད་དགོས། ཕྱོགས་གཞན་ཞིག་ནས་འཕེལ་རྒྱས་ལས་འགྱུར་མེད་མིན་པ་དང་། ཕྱོགས་ཡོངས་ལས་ཟུར་ཙམ་མིན་པ། ཆ་ཚང་ལས་ཐར་ཐོར་མིན་པ། ཡོངས་ཁྱབ་ཟུང་འབྲེལ་ལས་ཁེར་རྐྱང་མིན་པ་བཅས་ཀྱི་སྒོ་ནས་བྱ་དངོས་ལ་ལྟ་ཞིབ་བྱེད་ཅིང་། གལ་ཆེའི་འབྲེལ་བ་སྣ་ཚོགས་ཐག་གཅོད་འོས་འཚམ་བྱེད་དགོས། རང་སྣང་རིང་ལུགས་དང་། ཕྱི་ཚུལ་རིང་ལུགས། འཕྲུལ་ཆས་རིང་ལུགས། ལུང་འཛིན་རིང་ལུགས། ཉམས་མྱོང་རིང་ལུགས་སོགས་ཀྱི་ལྟ་བ་གང་ཡིན་རུང་ཚང་མ་གཟུགས་འདས་རིག་པའི་བསམ་བློ་གཏོང་སྟངས་ཡིན་པས། དེ་ལ་དངོས་དོན་གྱི་ལས་ཀའི་ཕན་འབྲས་ཡག་པོ་ཐོབ་མི་སྲིད།

བཞི་པ། ངོས་འཛིན་དང་ལག་ལེན་གྱི་རྩོད་སྒྲུབ་འབྲེལ་བའི་རྩ་བའི་རིགས་པ་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱེད་ཅིང་། ལག་ལེན་ཨང་དང་པོ་ཡིན་པའི་ལྟ་བ་མཐའ་འཁྱོངས་བྱས་ཏེ། མུ་མཐུད་དུ་ལག་ལེན་གྱི་རྨང་གཞིའི་ཐོག་གི་གཞུང་ལུགས་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ལག་ལེན་གྱི་ལྟ་བ་ནི་མར་ཁེ་སིའི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་སྲོག་ཤིང་གི་ལྟ་བ་ཡིན། ལག་ལེན་གྱིས་ངོས་འཛིན་ཐག་གཅོད་བྱས་ཡོད། དེ་ནི་ངོས་འཛིན་གྱི་འབྱུང་ཁུངས་དང་སྒུལ་ཤུགས་ཡིན་ལ། ངོས་འཛིན་གྱི་དམིགས་ཡུལ་དང་མཐའ་འབྲས་ཀྱང་ཡིན། ངོས་འཛིན་གྱིས་ལག་ལེན་ལ་ལྡོག་ནུས་འདོན་གྱི་ཡོད་པས། ཡང་དག་པའི་ངོས་འཛིན་གྱིས་ཡང་དག་པའི་ལག་ལེན་ལ་སྐུལ་འདེད་གཏོང་བ་དང་། ནོར་འཁྲུལ་གྱི་ངོས་འཛིན་ལས་ནོར་འཁྲུལ་གྱི་ལག་ལེན་འབྱུང་གི་ཡོད། ཤེས་སྤྱོད་ཟུང་འབྲེལ་སྐོར་གྱི་རང་རྒྱལ་གྱི་གནའ་མིའི་རྣམ་བཤད་ནང་དུ་ནན་བཤད་བྱ་རྒྱུ་དེའང་ངོས་འཛིན་དང་ལག་ལེན་བར་གྱི་འབྲེལ་བ་རེད། དཔེར་ན། ཞུན་ཙི་ཡི་“ཐོས་མེད་ལས་ཐོས་ན་དགའ། ཐོས་པ་ལས་མཐོང་ན་དགའ། མཐོང་བ་ལས་ཤེས་ན་དགའ། ཤེས་པ་ལས་ལག་ལེན་དགའ་”ཞེས་པ་དང་། ཧན་རྒྱལ་རབས་ནུབ་མའི་ལིའུ་ཞང་གི་“རྣ་བས་ཐོས་པ་ལས་མིག་གིས་མཐོང་ན་ལེགས། མིག་གིས་མཐོང་བ་ལས་རྐང་པས་བགྲོད་ན་ལེགས། རྐང་པས་བགྲོད་པ་ལས་ལག་ཏུ་ལེན་ན་ལེགས་”ཞེས་པ། སུང་རྒྱལ་རབས་ཀྱི་ལུའུ་ཡིའུ་ཡི་“ཤོག་ངོས་ཡོན་ཏན་གཏིང་ས་མི་ཚུགས་པས། ཤེས་བྱ་འདོད་ན་ལག་ལེན་བྱ་བར་བརྩོན་”ཞེས་པ། མིང་རྒྱལ་རབས་ཀྱི་ཝང་ཧྥུ་ཀྲི་ཡི་“ཤེས་སྤྱོད་ཟུང་འཇུག་”ཅེས་པ་སོགས་ལྟ་བུ་རེད། ང་ཚོས་ལས་དོན་ཁག་ལ་སྐུལ་འདེད་གཏོང་སྐབས་སུ། རྩ་བ་ནི་སྔར་བཞིན་ལག་ལེན་ལས་ཤེས་ཡོན་རྣལ་མ་འཐོབ་པར་བྱེད་དགོས་པ་དེ་རེད།

ང་ཚོའི་ཏང་གིས་གཞུང་ལུགས་ཀྱི་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་བྱས་ཏེ་གཞུང་ལུགས་ཉིད་ངེས་པར་དུ་ལག་ལེན་དང་ཕན་ཚུན་གཅིག་གྱུར་ཡོང་བར་བྱེད་དགོས་ཞེས་ནན་བཤད་བྱེད་ཀྱི་ཡོད། གཞུང་ལུགས་ཉིད་ལག་ལེན་དང་ཁ་བྲལ་ཚེ་འཕེལ་རྒྱུན་ཆད་པའི་ལུང་ཚིག་ཏུ་གྱུར་ནས་གསོན་ཤུགས་དང་སྐྱེ་སྟོབས་ཤོར་འགྲོ་བ་རེད། གལ་ཏེ་ལག་ལེན་ལ་ཡང་དག་པའི་གཞུང་ལུགས་ཀྱིས་ཁྲིད་སྟོན་མ་བྱས་ན་“ལོང་བས་རྟ་ཞར་བཞོན་ནས་ནམ་གུང་ཆུ་དོང་དུ་ལྷུངས་བ་”ཞེས་པའི་དཔེ་ལྟ་བུ་རེད། གཞུང་ལུགས་ཀྱིས་ཆོས་ཉིད་ཇི་ཙམ་གསལ་སྟོན་བྱས་ཡོད་ན་སྤྱི་ཚོགས་འཕེལ་རྒྱས་དང་འཕོ་འགྱུར་ཐད་ཀྱི་སྣེ་ཁྲིད་ནུས་པ་དེ་ཙམ་གྱིས་མངོན་གསལ་དོད་པོ་ཡིན། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་སྐབས། གཞུང་ལུགས་ཀྱི་ནུས་པར་ངེས་པར་དུ་མཐོང་ཆེན་ཚད་མཐོན་པོ་བྱེད་ཅིང་། གཞུང་ལུགས་ཀྱི་གདེང་ཚོད་དང་འཐབ་ཇུས་ཀྱི་ཚུགས་ཤུགས་ཆེ་རུ་བཏང་སྟེ། ལག་ལེན་དང་ཞིབ་བསྡུར་ཡང་ཡང་བརྒྱུད་ནས་བྱུང་བའི་གཞུང་ལུགས་ཡང་དག་པར་བློ་སེམས་གཉིས་འགལ་དང་ཡིད་གཉིས་ཐེ་ཚོམ་མི་བྱེད་པར་བློ་བརྟན་འགྱུར་མེད་ཀྱིས་དེ་ཉིད་མཐའ་འཁྱོངས་བྱེད་དགོས།

ལག་ལེན་ལ་རྫོགས་མཐའ་མེད་ལ་གཞུང་ལུགས་གསར་གཏོད་ལའང་རྫོགས་མཐའ་མེད། ཏང་དང་མི་དམངས་ཀྱི་བྱ་གཞག་མཚམས་འཇོག་ཏུ་འཇུག་མི་འདོད་ན། ཐོག་མར་གཞུང་ལུགས་ཐད་མཚམས་འཇོག་མི་རུང་། ང་ཚོས་དུས་རབས་ཀྱི་འགྱུར་ལྡོག་དང་ལག་ལེན་གྱི་འཕེལ་རྒྱས་ལ་གཞིགས་ཏེ། ངོས་འཛིན་ཟམ་མི་ཆད་པར་ཟབ་སྤེལ་དང་། ཉམས་མྱོང་ཟམ་མི་ཆད་པར་ཕྱོགས་བསྡོམས། གཞུང་ལུགས་ཟམ་མི་ཆད་པར་གསར་སྐྲུན་བཅས་གནང་དགོས་ལ། གཞུང་ལུགས་སློབ་སྟོན་དང་ལག་ལེན་འཚོལ་ཞིབ་གཉིས་རྩོད་སྒྲུབ་ཐོག་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་ཅིང་། གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད་མཉམ་འགུལ་ལེགས་པོ་ཡོང་བར་བྱས་ཐོག གཅིག་གྱུར་དང་མཉམ་འགུལ་འདི་འདྲའི་ཁྲོད་དུ་དུས་རབས་21པའི་ཀྲུང་གོའི་མར་ཁེ་སིའི་རིང་ལུགས་འཕེལ་རྒྱས་གཏོང་དགོས།

རྟ་མགྲིན་སྐྱབས་ཀྱིས་བསྒྱུར།