བསམ་བློའི་ཐོག་ནས་ཏང་འཛུགས་པ་དང་། གཞུང་ལུགས་ཀྱི་ཐོག་ནས་ཏང་སྟོབས་ལྡན་དུ་གཏོང་དགོས།

དེབ་འདིའི་དཔྱད་གཏམ་པ།

ཧྲང་ཧའེ་ཞིན་ཡེ་ལམ་རྟགས་ཨང་76པ་དང་ཀྲེ་ཅང་ཅ་ཞི་ལྷོ་མཚོའི་གྲུ་དམར་ནི། ཀྲུང་གོའི་གུང་ཁྲན་ཏང་གི་ཕུགས་འདུན་འགོ་ཚུགས་སའི་ས་ཆ་ཡིན་ལ། དེས་འཛམ་གླིང་འདིའི་ཐོག་སྟོབས་ཤུགས་ཆེས་ཆེ་བའི་སྲིད་ཏང་གི་བློ་བརྟན་འགྱུར་མེད་ཀྱི་ཐོག་མའི་བསམ་འདུན་དང་། གཟི་བརྗིད་ཆེ་བའི་འགན་འཁྲི་བདེན་དཔང་བྱས་ཡོད། ལོ་ངོ་98ཀྱི་རིང་ལ། ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་བརྩོན་ལེན་བྱས་ཤིང་ལམ་སྟོན་སྒྲོན་མེ་ལྟར་ཁ་ཕྱོགས་ཁྲིད་དེ། མི་རབས་རེ་རེའི་ཀྲུང་གོ་གུང་ཁྲན་ཏང་མིས་དྲག་བཞུར་ཆུ་བོ་དང་ཉེན་ཅན་གྲམ་པ་ལ་མི་སྐྲག་པ་དང་རླུང་གཡོས་རླབས་འཕྱུར་ལ་མི་འཛེམ་པར་ལུང་ཤུར་རེ་རེ་བཞིན་དུ་བརྒལ་ནས། རྒྱལ་ཁ་ཡང་དང་ཡང་དུ་བླངས་ཏེ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གནམ་ས་གཡོ་བའི་གཟི་བརྗིད་ལྡན་པའི་ལེའུ་བརྩམས་ཡོད།

ཟླ་5པའི་ཚེས་31ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོ་འཆང་བ་”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་སློབ་གསོའི་ལས་དོན་སྐོར་གྱི་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་བ་དང་། གཏིང་ཟབ་མོའི་སྒོ་ནས་“ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོ་འཆང་བ་”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་རྒྱས་བཤད་གནང་བ། བརྗོད་དོན་གཙོ་བོའི་སློབ་གསོའི་དམིགས་འབེན་བླང་བྱ་དང་གཙོ་གནད་ཀྱི་ཐབས་ཤེས་རྒྱས་བཤད་གནང་བ། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་བ་བཅས་བྱས་ཡོད། མིག་སྔར། ཏང་ཡོངས་གོང་འོག་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་དགོངས་དོན་ལ་གཏིང་ཟབ་མོའི་སྒོ་ནས་སློབ་སྦྱོང་དང་ལག་བསྟར་བྱེད་ཀྱི་ཡོད་པ་དང་། ཏན་ཏན་ཏིག་ཏིག་གིས་“ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོ་འཆང་བ་”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་སློབ་གསོ་སྤེལ་བཞིན་ཡོད། ཀྲུང་དབྱང་གི་སྒྲིག་བཀོད་ལྟར་ན། ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོའི་རྩ་བའི་ལས་འགན་ནི། གཏིང་ཟབ་མོའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། གཞུང་དྲང་དང་སྤྱོད་གཙང་དང་འགན་འཁུར་བཅས་ཆབ་སྲིད་ཀྱི་གཤིས་རྒྱུད་སྦྱོང་བརྡར་བྱེད་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་རླབས་ཆེ་བའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་ཐུན་མོང་དུ་འབད་བརྩོན་བྱེད་རྒྱུ་དེ་ཡིན། རྩ་བའི་ལས་འགན་འདི་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་བསམ་བློའི་ཐོག་ནས་ཏང་འཛུགས་པ་དང་། གཞུང་ལུགས་ཀྱི་ཐོག་ནས་ཏང་སྟོབས་ལྡན་དུ་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་། མི་དམངས་ལ་སློབ་གསོ་སྤེལ་བ། ལག་ལེན་ལ་མཛུབ་སྟོན་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ལ་མུ་མཐུད་ནས་“འདུ་ཤེས་བཞི་”ཇེ་མཐོར་གཏོང་བ་དང་། “གདེང་ཚོད་བཞི་”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས་”ཡག་པོ་བྱས་ཏེ་མུ་མཐུད་ནས་དད་སེམས་ཀྱི་རྨང་གཞི་བརྟན་པོ་འཛུགས་པ་དང་། བསམ་བློའི་ཐོག་གི་ཀལ་འདང་ངེས་སྦྱིན་ནས་བསམ་བློའི་ཁ་ལོ་བརྟན་པོ་བཟུང་དགོས་པ་དང་། སྔར་བས་སྲ་བརྟན་དང་རང་རྟོགས་ངང་དུས་རབས་གསར་པའི་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་དགོས།

བསམ་བློ་ནི་བྱ་སྤྱོད་ཀྱི་སྔོན་ཁྲིད་ཡིན་ལ། གསར་བརྗེའི་གཞུང་ལུགས་མེད་ན་གསར་བརྗེའི་བྱ་འགུལ་མེད། མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གི་སྔོན་ཐོན་རང་བཞིན་ནི། ཐོག་མར་བསམ་བློའི་གཞུང་ལུགས་ཀྱི་སྔོན་ཐོན་རང་བཞིན་སྟེང་མཚོན་པར་བྱེད། ལེ་ཉིན་གྱིས་གཏིང་ཟབ་མོའི་སྒོས་བསྟན་མྱོང་དོན། གཞུང་ལུགས་མེད་ན། ཏང་ལ་“འཚོ་གནས་ཀྱི་དབང་ཆ་ཤོར་བ་མ་ཟད། ད་དུང་གཡོལ་ཐབས་མེད་པར་སྔ་ཕྱི་གཉིས་ལ་ཆབ་སྲིད་ཐོག་ཕམ་ཉེས་བྱུང་བ་རེད།” མར་ཁེ་སི་རིང་ལུགས་ཀྱིས་གསར་གཏོད་རང་བཞིན་གྱི་སྒོ་ནས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་མངོན་མཚོན་བྱས་པ་དང་། མིའི་རིགས་ལ་དགོས་ངེས་ཀྱི་རྒྱལ་ཁབ་ནས་རང་མོས་རྒྱལ་ཁབ་ཏུ་མཆོང་བརྒལ་བྱེད་པའི་ཐབས་ལམ་གསལ་སྟོན་བྱས་པ་རེད། འདི་ནི་མིའི་རིགས་ཀྱི་བསམ་བློ་ལོ་རྒྱུས་ཐོག་ཆེས་གཟི་བརྗིད་ལྡན་པའི་ཉི་གཞོན་རེད། ང་ཚོའི་ཏང་གིས་དབུ་བརྙེས་པའི་ཉིན་མོ་ནས་བཟུང་མར་ཁེ་སི་རིང་ལུགས་དེ་རང་ཉིད་ཀྱི་དར་ཆའི་ཐོག་བྲིས་པ་དང་། ལག་ལེན་ཁྲོད་མུ་མཐུད་དུ་ཀྲུང་གོའི་དངོས་ཡོད་དང་ཟུང་འབྲེལ་བྱས་ནས་མར་ཁེ་སི་རིང་ལུགས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་འཕེལ་རྒྱས་སུ་བཏང་བ་མ་ཟད། ཡང་དག་པའི་སྒོ་ནས་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ཆོས་ཉིད་ངོས་འཛིན་དང་བཀོལ་སྤྱོད་བྱས་ནས། ཏང་དང་མི་དམངས་ཀྱི་བྱ་གཞག་མུ་མཐུད་དུ་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་བསྐྱོད་པར་འགོ་ཁྲིད་དང་སྐུལ་འདེད་བཏང་ཡོད།

ཏང་གི་འབད་འཐབ་ལམ་རིམ་ལ་ཕྱི་བལྟས་བྱས་ཚེ། ཀྲུང་གོའི་གུང་ཁྲན་ཏང་གིས་དཀའ་སྤྱད་སྙིང་རུས་བརྒྱུད་ནས་མུ་མཐུད་དུ་འཕེལ་རྒྱས་རྒྱ་ཆེར་བཏང་བ་དང་། ཉེ་རབས་ཚུན་ཆབ་སྲིད་སྟོབས་ཤུགས་ཀྱིས་སྒྲུབ་མི་ཐུབ་པའི་ལས་འགན་ལྗིད་མོ་རྣམ་པ་སྣ་ཚོགས་འགྲུབ་ཐུབ་པའི་རྩ་བའི་རྒྱུ་རྐྱེན་ཞིག་ནི་བསམ་བློའི་ཐོག་ནས་ཏང་འཛུགས་པ་དང་། གཞུང་ལུགས་ཀྱི་ཐོག་ནས་ཏང་སྟོབས་ལྡན་དུ་གཏོང་བར་མཐོང་ཆེན་ཚད་མཐོར་བྱས་ཏེ། ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་གཅིག་འགྱུར་གྱི་བསམ་བློ་དང་། སྟོབས་ལྡན་གྱི་འདོད་བློ། མཐུན་འགྲིག་གི་བྱ་འགུལ། སྟོབས་ཆེའི་དམག་འཐབ་ནུས་པ་བཅས་རྒྱུན་འཁྱོངས་བྱས་པའི་རྐྱེན་གྱིས་རེད། སྔ་1929ལོར། གསར་བརྗེ་ཆེན་མོ་ཕམ་ཁ་བྱུང་བའི་སྨུག་སྤྲིན་མདུན་དུ་ལྷགས་པ་དང་། “དར་དམར་ད་དུང་ཅི་ཙམ་བསྒྲེང་ཐུབ་པའི་”ཐེ་ཚོམ་གྱི་འདྲི་བ་མདུན་དུ་ལྷགས་པར། ཀུའུ་ཐེན་ཚོགས་འདུས་ཐེངས་དང་པོར་ཏང་གི་གྲོས་ཆོད་ཀྱི་རྣམ་པའི་ཐོག་ནས་“བསམ་བློའི་ཐོག་ནས་ཏང་འཛུགས་པའི་”གཞི་རྩའི་རྩ་དོན་གཏན་འཁེལ་བྱས། ཏང་གི་བསམ་བློ་འཛུགས་སྐྲུན་ནས་འགོ་ཚུགས་པ་དང་། ཏང་གི་འབྱོར་མེད་གྲལ་རིམ་གྱི་སྔོན་ཐོན་རུ་ཁག་གི་ངོ་བོ་ལ་ཤུགས་སྣོན་ཅི་ལྟར་རྒྱག་རྒྱུའི་སྐོར་གྱི་གནད་དོན་ལ་དྲིས་ལན་ཐོག་མར་བཏབ་པ་རེད། 1945ལོར། ཏང་གི་ཚོགས་ཆེན་བདུན་པས་མའོ་ཙེ་ཏུང་གི་དགོངས་པ་སྟེ་ཀྲུང་གོ་ཅན་དུ་འགྱུར་བའི་མར་ཁེ་སི་རིང་ལུགས་འདི་ཉིད་ཏང་གི་དར་ཆའི་སྟེང་དངོས་སུ་བྲིས་པ་རེད། མའོ་ཙེ་ཏུང་གི་དགོངས་པའི་མཛུབ་ཁྲིད་འོག ང་ཚོའི་ཏང་གིས་གསར་གཏོད་རང་བཞིན་གྱི་སྒོ་ནས་ཀྲུང་གོའི་གསར་བརྗེའི་ཆོས་ཉིད་འཚོལ་ཞིབ་དང་བཀོལ་སྤྱོད་བྱས་ཏེ། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེ་ལ་རྒྱལ་ཁ་ཐོབ་ནས་ཀྲུང་གོ་གསར་པ་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་དེ་ནས་བཟུང་ཡར་ལངས་པ་རེད། སྒྱུར་བཅོས་སྒོ་འབྱེད་བྱས་ཚུན། ང་ཚོའི་ཏང་གིས་སྤོབས་པ་ཆེན་པོའི་སྒོ་ནས་སྔར་ཡོད་མ་མྱོང་བའི་འཚོལ་ཞིབ་རླབས་ཆེན་སྤེལ་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་མ་ལག་ཆགས་པ་དང་འཕེལ་རྒྱས་བཏང་བ་དང་། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེ་བའི་ལག་བསྟར་གསར་པ་བྱས་པས། ཀྲུང་ཧྭ་མི་རིགས་ཡར་ལངས་པ་ནས་ཕྱུག་པོར་འགྱུར་བའི་བར་གྱི་མཆོང་བརྒལ་མངོན་འགྱུར་བྱས།

“དུས་རབས་ཀྱི་མཚམས་དབྱེ་བའི་མ་ལག་ཀུན་གྱི་ནང་དོན་ཚང་མ་ནི་མ་ལག་དེ་དག་བྱུང་བའི་དུས་རབས་དེའི་དགོས་མཁོ་དང་བསྟུན་ནས་བྱུང་བ་ཞིག་རེད།” ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཅི་འདྲ་ཞིག་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འདི་རྒྱུན་འཁྱོངས་དང་འཕེལ་རྒྱས་ཇི་ལྟར་གཏོང་དགོས་པའི་དུས་རབས་ཀྱི་བརྗོད་དོན་གལ་ཆེན་ལ་གཞིར་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱིར་བཏང་མ་ཡིན་པའི་གཞུང་ལུགས་སྤོབས་པ་དང་ཚད་མཐོའི་ཆབ་སྲིད་བློ་གྲོས། ལྷོད་བ་མེད་པའི་ལོ་རྒྱུས་འགན་འཁྲི་བཅས་བཅངས་པ་དང་། མཐོང་རྒྱ་གསར་པས་གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཆོས་ཉིད་བཅས་ལ་བཅངས་པའི་ངོས་འཛིན་ཇེ་ཟབ་ཏུ་ཕྱིན་པ། འདུ་ཤེས་གསར་པ་དང་བསམ་བློ་གསར་པ་དང་འཐབ་ཇུས་གསར་པ་རབ་དང་རིམ་པ་ཞིག་བཏོན་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་དུ་བཏོད། དགོངས་པ་འདིའི་མཛུབ་ཁྲིད་འོག ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་རླབས་ཆེ་བའི་འཐབ་རྩོད་སྤེལ་བ་དང་། རླབས་ཆེ་བའི་ལས་གྲྭ་འཛུགས་པ། རླབས་ཆེ་བའི་བྱ་གཞག་སྐུལ་འདེད། རླབས་ཆེ་བའི་ཕུགས་འདུན་མངོན་འགྱུར་བཅས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཕྱོགས་ཡོངས་དང་གསར་གཏོད་རང་བཞིན་གྱི་ལོ་རྒྱུས་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་བ་དང་། རིམ་པ་གཏིང་ཟབ་ལ་རྩ་བའི་རང་བཞིན་གྱི་ལོ་རྒྱུས་འགྱུར་ལྡོག་བྱུང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པའི་ནང་བསྐྱོད་པ་དང་། ཀྲུང་ཧྭ་མི་རིགས་ཕྱུག་པོར་ཆགས་པ་ནས་སྟོབས་ལྡན་དུ་འགྱུར་བའི་རླབས་ཆེ་བའི་མཆོང་བརྒལ་བསུ།

དུས་རབས་གསར་པ་ལས་བསམ་བློ་གསར་པ་སྐྱེས། བསམ་བློ་གསར་པས་ལག་ལེན་གསར་པར་སྣེ་ཁྲིད་བྱས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་རླབས་ཆེ་བའི་ལག་ལེན་གྱིས་རྩོད་ཐབས་མེད་པའི་བདེན་དཔང་བྱས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱུང་ཆེད་འབད་འཐབ་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན་ལ། ཏང་གིས་མི་དམངས་ལ་འགོ་ཁྲིད་དེ་རླབས་ཆེ་བའི་སྤྱི་ཚོགས་སྒྱུར་བཅོས་སྤེལ་བ་དང་། ཕྱི་ཡུལ་གྱི་འཇིག་རྟེན་སྒྱུར་བཀོད་བྱེད་པའི་སྟོབས་ཆེ་བའི་བསམ་བློའི་དྲག་ཆས་ཡིན་པ་མ་ཟད། ཏང་ཡོངས་ཀྱིས་རང་ཉིད་སྒྱུར་བཅོས་དང་། རང་སྣང་གི་འཇིག་རྟེན་སྒྱུར་བཀོད་བྱེད་པའི་སྟོབས་ཆེའི་བསམ་བློ་དྲག་ཆས་ཀྱང་ཡིན། བསམ་བློ་འདི་མ་གཏོགས་བསམ་བློ་གཞན་དག་གང་ཞིག་གིས་ཀྱང་ང་ཚོར་ཏང་གི་ཚོགས་ཆེན་བཅུ་དགུ་པས་འཆར་འགོད་བྱས་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བདེ་བླག་ངང་སྤེལ་བར་མཛུབ་ཁྲིད་བྱེད་ཐུབ་པ་དང་། མདུན་དུ་ལྷགས་པའི་འགྲན་སློང་སྣ་ཚོགས་ལ་བདེ་བླག་ངང་ཁ་གཏད་འཇལ་བ་དང་ཐག་གཅོད་ཐུབ་པ། “ལོ་བརྒྱ་གཉིས་ཀྱི་འབེན་འཐབ་དམིགས་འབེན་”མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་ཏེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རླབས་ཆེའི་དམིགས་འབེན་ལ་ཕྱོགས་ནས་བདེ་བླག་ངང་མདུན་དུ་བསྐྱོད་པ་བྱས་མི་ཐུབ།

ཏང་གི་གཞུང་ལུགས་གསར་གཏོད་གོམ་པ་རེ་མདུན་དུ་བསྐྱོད་སྐབས། ཏང་གི་གཞུང་ལུགས་དྲག་ཆས་གོམ་པ་རེ་རྗེས་སུ་སྙེག བློ་མཐུན་མའོ་ཙེ་ཏུང་གི་བསྟན་མྱོང་དོན། “བསམ་བློའི་སློབ་གསོ་ཁོང་དུ་ཆུད་པ་ནི། ཏང་ཡོངས་ལ་མཐུན་སྒྲིལ་བྱས་ནས་རླབས་ཆེ་བའི་ཆབ་སྲིད་འཐབ་རྩོད་སྤེལ་བའི་ལྟེ་གནས་ཀྱི་ལྷུ་ཚིགས་ཡིན། གལ་ཏེ་ལས་འགན་འདི་ཐག་གཅོད་མ་གཏོང་ན། ཏང་གི་ཆབ་སྲིད་ལས་འགན་ཡོད་ཚད་ནི་འགྲུབ་མི་ཐུབ་པ་ཞིག་རེད།” ང་ཚོའི་ཏང་གི་ལོ་རྒྱུས་ཐོག་ཐེངས་དང་པོའི་མར་ཁེ་སི་རིང་ལུགས་ཀྱི་གཅིག་སྡུད་སློབ་གསོ་བྱེད་སྒོ་ཡིན་པའི་ཆ་ནས། ཡན་ཨན་གྱི་སྤྱོད་སྲོལ་སྒྱུར་བཅོས་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། ཏང་ཡོངས་ལ་མའོ་ཙེ་ཏུང་གི་དགོངས་པའི་རྨང་གཞིའི་ཐོག་ཐུན་མོང་གི་སྐད་ཆ་ཡོད་པར་གྱུར་ལ། སྔར་ཡོད་མ་མྱོང་བའི་མཐུན་སྒྲིལ་གཅིག་གྱུར་དང་། རི་འགོག་དམག་འཁྲུག་དང་བཅིངས་འགྲོལ་དམག་འཁྲུག་ལ་རྒྱལ་ཁ་བརྩོན་ལེན་བྱེད་པ། ཀྲུང་གོ་གསར་པ་དབུ་བརྙེས་པ་བཅས་ཀྱི་ཆེད་དུ་བསམ་བློའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད། ལོ་ངོ་98ཀྱི་རིང་ལ། ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ལ་འགྱུར་ལྡོག་བྱུང་ཐེངས་རེ་རེ་དང་། བྱ་གཞག་འཕེལ་རྒྱས་ཀྱིས་གལ་ཆེ་བའི་འགོ་ཚུགས་ས་གསར་པ་བསུ་ཐེངས་རེ་རེ་ལ། ང་ཚོའི་ཏང་གིས་ལྷག་པར་དུ་ཚན་རིག་དང་མཐུན་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་། བསམ་བློ་གཅིག་འགྱུར་བྱེད་པ། ཀླད་པར་དྭངས་མོ་རྒྱུན་འཁྱོངས་དང་ཡང་དག་པའི་ཁ་ཕྱོགས་བརྟན་པོ། ཤུགས་ཆེའི་སྟོབས་ཤུགས་གཅིག་འདྲིལ་བཅས་བྱས་ནས་“རྒྱུགས་སྤྲོད་པའི་”ལམ་ཐོག་གི་དཀའ་ངལ་དང་བཀག་རྒྱ་ཡོད་ཚད་ལ་ཁ་གཏད་ལྷུག་པོར་འཇལ་དགོས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་དང་ཡང་དུ་བསམ་བློའི་ཐོག་ནས་ཏང་འཛུགས་པ་དང་། གཞུང་ལུགས་ཀྱི་ཐོག་ནས་ཏང་སྟོབས་ལྡན་དུ་གཏོང་དགོས་པ་ནན་བཤད་བྱས་ལ། “གསར་བརྗེའི་ཕུགས་འདུན་གནམ་ལས་མཐོ་བ་”དང་། “གཞུང་ལུགས་ཐོག་ཀླད་པ་དྭངས་མོ་ཡིན་ན་ད་གཟོད་ཆབ་སྲིད་ཐོག་གསལ་པོ་ཡིན། གཞུང་ལུགས་ཐོག་སྲ་བརྟན་ཡིན་ན་ད་གཟོད་ཆབ་སྲིད་ཐོག་སྲ་བརྟན་ཡིན།” “བསམ་བློའི་སློབ་གསོ་དང་གཞུང་ལུགས་ཀྱི་དྲག་ཆས་ལ་ཤུགས་སྣོན་རྒྱག་པ་ནི། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ལས་འགན་ཨང་དང་པོ་ཡིན་ལ། ཏང་ཡོངས་ཀྱི་གོམ་སྟབས་གཅིག་འགྱུར་ཡོང་བའི་སྔོན་འགྲོ་ཡང་ཡིན་”ཞེས་བསྟན་ཡོད། ཏང་ཀྲུང་དབྱང་གིས་ཐབས་ཇུས་གལ་ཆེན་རབ་དང་རིམ་པ་ཞིག་བེད་སྤྱོད་ནས་ཏང་ཡོངས་ལ་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པར་དམ་འཛིན་བྱས། སྔ་རྗེས་སུ་ཏང་གི་མང་ཚོགས་ལམ་ཕྱོགས་སྐོར་གྱི་སློབ་གསོ་དང་ལག་ལེན་གྱི་བྱེད་སྒོ་དང་། “ནན་གསུམ་དྲང་གསུམ་”གྱི་ཆེད་དོན་སློབ་གསོ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་”གི་སློབ་སྦྱོང་སློབ་གསོ་བཅས་བཀོད་སྒྲིག་བྱས་ནས་སྤེལ་ཡོད། ཏང་ནང་ཁུལ་གྱི་སློབ་གསོ་དེ་“འགག་རྩ་ཉུང་ཤས་”ནས་རྒྱ་ཆེའི་ཏང་ཡོན་ནང་དུ་རྒྱ་བསྐྱེད་གཏོང་བ་དང་། གཅིག་སྡུད་རང་བཞིན་གྱི་སློབ་གསོ་ནས་རྒྱུན་ལྡན་རང་བཞིན་གྱི་སློབ་གསོ་རུ་རྒྱ་བསྐྱེད་གཏོང་བ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། མུ་མཐུད་ནས་མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ཆུ་ཚད་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བརྩམས་ཆོས་ཆེན་པོ་འདི་ལེགས་པོ་འབྲི་ཆེད་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་བཏིང་བ་དང་དད་སེམས་ཀྱི་བླ་སྲོག་བརྟན་པོ་བཙུགས་ཡོད།

“ལག་ལེན་ཅི་ཙམ་མང་ན་ངོས་འཛིན་དེ་ཙམ་ཟབ། ངོས་འཛིན་ཅི་ཙམ་ཟབ་ན་ལག་ལེན་ལ་དེ་ཙམ་གྱིས་མཛུབ་སྟོན་བྱས་ཐུབ།” དུས་རབས་གསར་པར་སླེབས་དུས། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་མདུན་དུ་ལྷགས་པའི་འགན་འཁྲི་ནི་དེ་བས་གཟི་བརྗིད་ལྡན་ལ། ལས་འགན་ནི་དེ་བས་དཀའ་ཚེགས་ཆེ། འགྲན་སློང་ནི་དེ་བས་ཛ་དྲག་ཡིན། ལས་དོན་ནི་དེ་བས་རླབས་ཆེན་ཡིན། “ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོ་འཆང་བ་”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ནི། བསམ་བློའི་ཐོག་ནས་ཏང་འཛུགས་པ་དང་། གཞུང་ལུགས་ཀྱི་ཐོག་ནས་ཏང་སྟོབས་ལྡན་དུ་གཏོང་ཞིང་། མུ་མཐུད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་། ནུས་ཤུགས་ཆེན་པོས་ཏང་ཡོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་བསམ་བློའི་གོ་རྟོགས་དང་གཞུང་ལུགས་ཆུ་ཚད་མཐོར་འདེགས་བཏང་ནས། ཏང་ཡོངས་ཀྱིས་ཚན་རིག་དང་མཐུན་པའི་གཞུང་ལུགས་སྤྱད་ནས་བྱ་དངོས་ལ་ལྟ་ཞིབ་དང་། གནད་དོན་ལ་དབྱེ་ཞིབ། གནད་དོན་ཐག་གཅོད་བྱེད་པའི་ནུས་པ་མཐོར་འདེགས་གཏོང་དགོས། “གཟིགས་རྒྱང་རིང་ཞིང་གཡོ་སྒྱུ་ཁྲམ་གསུམ་ལ་མི་སྐྲག་པའི་”གཞུང་ལུགས་ཀྱི་གདེང་ཚོད་དང་། “ཉེན་ཁ་འགྲན་སློང་སྣ་ཚོགས་འཕྲད་ཀྱང་ལྷོད་དལ་བག་ཕེབས་ཐུབ་པའི་”འཐབ་ཇུས་ཀྱི་གཏིང་ཤུགས། “ལྕགས་རི་རིང་པོར་མ་སླེབས་ན་དཔའ་བོ་མིན་པའི་”ཡར་བརྩོན་གྱི་སྙིང་སྟོབས་བཅས་ལ་བརྟེན་ནས་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་བསྐྱོད་དགོས།

དུས་རབས་གསར་པར་བསམ་བློའི་ཐོག་ནས་ཏང་འཛུགས་པ་དང་། གཞུང་ལུགས་ཀྱི་ཐོག་ནས་ཏང་སྟོབས་ལྡན་དུ་གཏོང་དགོས་ན། ངེས་པར་དུ་གཏིང་ཟབ་མོའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲས་པའི་གལ་ཆེའི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི། དུས་རབས་21པའི་མར་ཁེ་སི་རིང་ལུགས་དང་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་ཡིན། དར་ཆ་འདིའི་འོག་ཏུ་གོང་བུར་གཅིག་འདྲིལ་བྱས་ན། ཏང་ཡོངས་ལ་“ཐུན་མོང་གི་སྐད་ཆ་”ལྡན་པ་དང་། བསམ་བློའི་ཐོག་དང་སྙིང་སྟོབས་ཀྱི་ཐོག་མངོན་གསལ་དོད་པོའི་དུས་རབས་ཀྱི་མཚོན་རྟགས་ལྡན་པས། རྒྱལ་ཡོངས་མི་དམངས་ལ་སྣེ་ཁྲིད་ནས་འབད་འབུངས་མདུན་བསྐྱོད་བྱེད་པར་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་ཡོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། དེ་ནས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་སྐྲུན་ཐུབ་ཅིང་། མི་རིགས་བསྐྱར་དར་གྱི་རླབས་ཆེའི་དམིགས་འབེན་མངོན་འགྱུར་བྱེད་པའི་ཆེས་རྩ་བ་ཞིག་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཀླད་པར་དྲག་ཆས་སྤྲས་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། བསམ་བློའི་ཐོག་དང་ཆབ་སྲིད་ཀྱི་ཐོག་དང་བྱ་སྤྱོད་ཀྱི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་འགྱུར་ཡོང་བ་རྒྱུན་འཁྱོངས་བྱེད་དགོས་པ་དེ་ཡིན།

དུས་རབས་གསར་པར་བསམ་བློའི་ཐོག་ནས་ཏང་འཛུགས་པ་དང་། གཞུང་ལུགས་ཀྱི་ཐོག་ནས་ཏང་སྟོབས་ལྡན་དུ་གཏོང་དགོས་ན། ངེས་པར་དུ་གཏིང་ཟབ་མོའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སྙིང་དོན་གཙོ་བོ་ཁོང་དུ་ཆུད་དགོས། “སློབ་སྦྱོང་ལ་དགའ་མཁན་གྱིས་བྱ་དངོས་ཀྱི་གནས་ལུགས་དང་ཆོས་ཉིད་རྟོགས་ཐུབ་པ་དང་། ལག་ལེན་ལ་དགའ་མཁན་གྱིས་བྱ་དངོས་ཀྱི་དཀའ་གནད་དེ་ཤེས་ཐུབ།” ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལ་སློབ་སྦྱོང་བྱེད་པའི་འགག་རྩ་ནི། ཁྱོན་ཡོངས་དང་ཡང་དག་པ། མ་ལག་ལྡན་པའི་སྒོ་ནས་དེའི་བདེན་དོན་ཁོང་ཆུད་བྱས་ཐུབ་པ་དེ་རེད། མ་རྩོམ་ཀློག་པ་དང་མ་ཡིག་སྦྱོང་བ། རྩ་བའི་རིགས་པ་ཁོང་ཆུད་རྒྱུན་འཁྱོངས་བྱས་ཤིང་། གཏིང་ཟབ་མོའི་སྒོ་ནས་དགོངས་པ་འདིའི་ཚན་རིག་དང་མཐུན་པའི་མ་ལག་དང་། ཕུན་སུམ་ཚོགས་པའི་ནང་དོན། དགོངས་དོན་གྱི་ངོ་བོ། ལག་ལེན་གྱི་བླང་བྱ་བཅས་ཁོང་དུ་ཆུད་དགོས། ཕྱོགས་ཡོངས་ནས་སྦྱོང་བ་དང་། གོ་རིམ་བརྒྱུད་ནས་སྦྱོང་བ། གཏིང་ཟབ་མོས་སྦྱོང་བ། རྗེས་སྙེག་ནས་སྦྱོང་བ་བཅས་རྒྱུན་འཁྱོངས་བྱས་ནས། བསམ་བློ་འདི་སློབ་སྦྱོང་བྱེད་རྒྱུ་དེ་མར་ཁེ་སི་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་དོན་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་སློབ་སྦྱོང་བྱེད་རྒྱུ་དང་ཟུང་འབྲེལ་བྱས་པ་དང་། ཏང་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་གོང་འཕེལ་ལོ་རྒྱུས་སློབ་སྦྱོང་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ཤིང་། ང་ཚོའི་ཏང་གིས་“གསར་བརྗེ་གཉིས་”ལ་སྐུལ་འདེད་གཏོང་བའི་ལག་ལེན་རླབས་ཆེན་དང་ཟུང་འབྲེལ་བྱས་ཏེ། དོན་དངོས་སུ་བསམ་བློ་འདིའི་ལོ་རྒྱུས་ཀྱི་མཚན་ཉིད་དང་། གཞུང་ལུགས་ཀྱི་མཚན་ཉིད། ལག་ལེན་གྱི་མཚན་ཉིད་བཅས་གོ་བ་ཡག་པོ་ལེན་དགོས། དུས་རབས་གསར་པར་བསམ་བློའི་ཐོག་ནས་ཏང་འཛུགས་པ་དང་། གཞུང་ལུགས་ཀྱི་ཐོག་ནས་ཏང་སྟོབས་ལྡན་དུ་གཏོང་དགོས་ན། ངེས་པར་དུ་ནུས་ཤུགས་ཆེན་པོས་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱས་པའི་ཡ་རབས་ཀྱི་སྦྱོང་སྲོལ་དར་སྤེལ་གཏོང་བ་དང་། མུ་མཐུད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཞི་ཚུགས་ནས་རྩ་བ་རྒྱས་པ་དང་མེ་ཏོག་བཞད་ནས་འབྲས་བུ་སྨིན་པར་སྐུལ་འདེད་གཏོང་དགོས། སློབ་སྦྱོང་ནི་སྦྱོང་བ་ཙམ་གྱིས་ཆེད་དུ་མིན་པར། དམིགས་ཡུལ་ནི་ལག་ལེན་གྱི་ཆེད་དུ་ཡིན། གནས་ལུགས་ཤེས་ཀྱང་མ་སྒྲུབ་ན་ཤེས་དང་མ་ཤེས་ཁྱད་པར་མེད་དོ་ཞེས་པ་ལྟ་བུའོ།། སྦྱོང་ཤེས་སྤྱོད་གསུམ་རྒྱུན་མཐུད་ཅིང་། ཤེས་དད་སྤྱོད་གསུམ་གཅིག་འགྱུར་དགོས། ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་འཁུར་པ། ཧེ་བག་འཚོལ་བ། ལག་བསྟར་དམ་འཛིན་བཅས་སྤྱིའི་བླང་བྱ་རུ་གཞིར་བཟུང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྦྱངས་ནས་ཤེས་པ་དང་། དོན་དངོས་སྒྲུབ་པ་བཅས་ཀྱི་ངོས་ཟིན་གྲུབ་འབྲས་དེ་“འདུ་ཤེས་བཞི་”ཇེ་མཐོར་གཏོང་བ་དང་། “གདེང་ཚོད་བཞི་”ཇེ་བརྟན་དུ་གཏོང་བ། “འགན་སྲུང་གཉིས་”བྱེད་པའི་ཐོག་དོན་འཁྱོལ་བྱས་པ་དང་། ཀྲུང་དབྱང་གི་སྒྲིག་བཀོད་དང་། ང་ཚོས་ད་ལྟ་སྒྲུབ་བཞིན་པའི་དོན་དག་ཐོག་དོན་འཁྱོལ་བྱས་པ། འཇོན་ཐང་ཇེ་ལེགས་གཏོང་བ་དང་། དངོས་ཡོད་ཀྱི་ལས་ཀར་སྐུལ་འདེད་གཏོང་བའི་ཐོག་དོན་འཁྱོལ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཚན་རིག་དང་མཐུན་པའི་གཞུང་ལུགས་དེ་ཕྱི་ཡུལ་གྱི་འཇིག་རྟེན་དང་རང་སྣང་གི་འཇིག་རྟེན་སྒྱུར་བཀོད་བྱེད་པའི་སྟོབས་ཆེའི་སྒུལ་ཤུགས་སུ་བསྒྱུར་དགོས།

ཕུགས་འདུན་གྱི་འོད་ཟེར་འབད་འཐབ་ཀྱི་ལམ་ཐོག་འཕྲོས། དད་པའི་སྟོབས་ཤུགས་ཀྱིས་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན། དུས་རབས་གསར་པ་དང་ལམ་རིམ་གསར་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ང་ཚོའི་ཀླད་པར་དྲག་ཆས་སྤྲས་པ་དང་། ང་ཚོའི་དད་སེམས་ཇེ་བརྟན་དུ་གཏོང་བ། ང་ཚོའི་ཁ་ཕྱོགས་སྣེ་ཁྲིད་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ན། ངེས་པར་དུ་ཀྲུང་གོའི་མི་དམངས་དུང་ཕྱུར་14ཡི་ཤུགས་ཆེའི་སྟོབས་ཤུགས་གཅིག་འདྲིལ་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་གྱི་གྲུ་གཟིངས་སྣེ་ཁྲིད་ནས་རྦ་རླབས་གཤགས་ཏེ་རྒྱལ་ཁའི་ངང་འོད་སྟོངས་འབར་བའི་ཕ་རོལ་དུ་སླེབས་ཐུབ།

བློ་བཟང་ལྷ་མོས་བསྒྱུར།