རིག་གནས་ཀྱི་གདེང་ཚོད་བརྟན་པོ་འཆང་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས།

ཞི་ཅིན་ཕིང་།

གཅིག

རིག་གནས་ནི་མི་རིགས་འཚོ་གནས་དང་མི་རིགས་འཕེལ་རྒྱས་འགྲོ་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་ལ། མིའི་རིགས་ཀྱི་སྤྱི་ཚོགས་དང་མིའི་རིགས་ཀྱི་ཤེས་རིག་ཡར་ཐོན་བྱུང་ཐེངས་རེ་རེ་ནི་རིག་གནས་ཀྱི་ལོ་རྒྱུས་རང་བཞིན་གྱི་ཡར་ཐོན་བྱུང་བ་དང་མ་བསྟུན་པ་གཅིག་ཀྱང་མེད། ཀྲུང་ཧྭ་མི་རིགས་ལ་ལོ་ངོ་5000ལྷག་གི་ཤེས་དཔལ་གྱི་ལོ་རྒྱུས་ལྡན་པ་དང་། ཉེ་རབས་སྔོན་གྱི་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་རྒྱལ་ཁབ་སྟོབས་ཆེན་གྱི་གྲས་ཤིག་ཡིན། ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་ཀྱི་འགྱུར་ལྡོག་ཁྲོད། ཀྲུང་ཧྭ་མི་རིགས་ནི་ནམ་ཡང་ཚེགས་མེད་ལྷུན་གྲུབ་ཅིག་མ་ཡིན་པར་དཀའ་སྡུག་གྲངས་མེད་ལ་འཕྲད་མྱོང་མོད། འོན་ཀྱང་ང་ཚོ་དཀའ་སྡུག་ལ་མ་འཛེམ་པར་བློ་བརྟན་འགྱུར་མེད་ཀྱིས་ཉམས་པ་སླར་གསོ་བྱས་ཐུབ་ཡོད་པ་དང་། དེའི་ཁྲོད་ཀྱི་རྒྱུ་རྐྱེན་གལ་ཆེན་པོ་ཞིག་ནི། མི་རབས་ནས་མི་རབས་བར་གྱི་ཀྲུང་ཧྭའི་བུ་ཕྲུག་གིས་ཐུན་མིན་གྱི་ཁྱད་ཆོས་མངའ་ཞིང་མཁྱེན་རྒྱ་ཡངས་པའི་ཀྲུང་ཧྭའི་རིག་གནས་གསོ་སྐྱོང་དང་འཕེལ་རྒྱས་སུ་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱིས་དཀའ་ངལ་ཁྱད་བསད་དང་མི་རབས་ནས་མི་རབས་བར་བསམ་པའི་འདེགས་སྐྱོར་ཆེན་པོ་འདོན་སྤྲོད་བྱས་པ་དེ་ཡིན།

འཇར་མན་རྒྱལ་ཁབ་ཀྱི་མཚན་ཉིད་རིག་པ་སྨྲ་བ་ཡ་སི་པེར་སིས་《ལོ་རྒྱུས་ཀྱི་འབྱུང་ཁུངས་དང་དམིགས་ཡུལ་》ཞེས་པའི་དེབ་ནང་དུ། སྤྱི་ལོའི་སྔོན་གྱི་ལོ་800ནས་སྤྱི་ལོའི་སྔོན་གྱི་ལོ་200བར་ནི་མིའི་རིགས་ཀྱི་ཤེས་དཔལ་གྱི་“ལྟེ་བའི་དུས་རབས་”ཡིན་པ་དང་། མིའི་རིགས་ཀྱི་ཤེས་དཔལ་སྙིང་སྟོབས་ལ་ཚད་བརྒལ་གལ་ཆེན་བྱུང་བའི་དུས་སྐབས་ཤིག་ཀྱང་ཡིན་ཏེ། སྐབས་དེ་དུས་གནའ་བོའི་ཀེ་རི་སེ་དང་། གནའ་བོའི་ཀྲུང་གོ གནའ་བོའི་རྒྱ་གར་སོགས་ཀྱི་ཤེས་དཔལ་ལས་རླབས་ཆེན་གྱི་བསམ་བློ་པ་མང་པོ་བྱུང་ཞིང་། ཁོང་ཚོས་བཏོན་པའི་བསམ་བློའི་རྩ་དོན་གྱིས་རིག་གནས་ཀྱི་སྲོལ་རྒྱུན་མི་འདྲ་བ་བཏོད་པར་མ་ཟད། མིའི་རིགས་ཀྱི་འཚོ་བར་ཐོག་མཐའ་བར་གསུམ་དུ་ཤུགས་རྐྱེན་ཐེབས་ཀྱིན་ཡོད། སྐད་ཆ་འདིར་ཧ་ཅང་གཏིང་ཟབ་ཅིང་གསལ་རྟོགས་ཀྱི་ནུས་པ་ཆེན་པོ་འདུག་ལ། གནའ་ནས་ད་བར་དུ་ཀྲུང་ཧྭ་མི་རིགས་ལ་འཛམ་གླིང་ཐོག་ཏུ་གོ་གནས་དང་ཤུགས་རྐྱེན་ཡོད་པ་ནི་དམག་དབུལ་དྲག་སློང་ལ་བརྟེན་པ་མིན་ལ། ཕྱི་ཕྱོགས་སུ་རྒྱ་བསྐྱེད་པར་བརྟེན་པའང་མ་ཡིན་པར། ཀྲུང་ཧྭའི་རིག་གནས་ཀྱི་ཡིད་འགུག་ནུས་པ་ཆེན་པོར་བརྟེན་པ་ཡིན། ངེད་ཅག་གི་མེས་པོས་“རྒྱང་རིང་གི་མིས་ཁས་མ་བླངས་ན། རིག་གནས་དང་ཀུན་སྤྱོད་ཀྱིས་བློ་འགུག་དགོས་པའི་”གནས་ལུགས་གནའ་སྔ་མོ་ནས་ཤེས་ཡོད། ཀྲུང་ཧྭ་མི་རིགས་ཀྱི་སྐྱེས་ཐོབ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་བཅས་འགྲེལ་བརྗོད་བྱས་ཏེ། ཀུན་སྤྱོད་ལ་བརྟེན་ནས་མི་སེམས་འགུག་པ་དང་། རིག་གནས་ལ་བརྟེན་ནས་མི་སེམས་འགུག་པ་ནི་དེའི་ཁྲོད་ཀྱི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན།

ལོ་རྒྱུས་དང་དོན་དངོས་ཚང་མས་མིའི་རིགས་ཀྱི་ཤེས་དཔལ་ནི་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མི་རིགས་ཁག་གིས་ཐུན་མོང་ཐོག་གསར་གཏོད་བྱས་པ་གསལ་པོར་བསྟན་ཡོད། ང་རང་གང་དུ་སླེབས་ཀྱང་ཆེས་ཡིད་དབང་འཕྲོག་པ་ནི་རྒྱལ་ཁབ་ཁག་དང་མི་རིགས་ཁག་གི་མི་དམངས་ཀྱིས་གསར་སྐྲུན་བྱས་པའི་ཤེས་རིག་གི་གྲུབ་འབྲས་ཡིན། འཛམ་གླིང་ཐོག་ཤེས་རིག་གི་མཆོག་ནོར་མང་པོ་ཡོད་ཅིང་། འདིར་ངས་རྒྱལ་ཁབ་ཁ་ཤས་དང་མི་རིགས་ཁ་ཤས་དཔེར་བཞག་ནས་བཤད་ན། གནའ་བོའི་ཀེ་རི་སེར་མིའི་རིགས་ཀྱི་ཤེས་རིག་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པའི་ལྷ་སྒྲུང་དང་། གཏམ་རྒྱུད་དང་། འཇིམ་བརྐོས་དང་། འཛུགས་སྐྲུན་གྱི་སྒྱུ་རྩལ་བཅས་བྱུང་བ་དང་། ཨའེ་སི་ཁུའུ་ལུའོ་སི་དང་། སུའོ་ཧྥུ་ཁེ་ལེ་སི་དང་། ཨོའུ་ལི་ཕི་ཏེ་སི་དང་། ཨ་ལི་སི་ཐུའོ་ཧྥེན་བཅས་ཀྱི་སྐྱོ་གར་དང་སྤྲོ་གར་ནི་ཀེ་རི་སེའི་སྒྱུ་རྩལ་གྱི་བསྟན་བཅོས་མིང་གྲགས་ཅན་ཡིན། ཨུ་རུ་སུ་ལ་ཕུའུ་ཤིས་ཅིན་དང་། ཀུའོ་ཀེ་ལི་དང་། ལའེ་མོང་ཐུའོ་ཧྥུ་དང་། ཐུའུ་ཀེ་ཉེ་ཧྥུ་དང་། ཐུའོ་སི་ཐོུའོ་ཡེ་ཧྥུ་སི་ཅི་དང་། ཉེ་ཁེ་ལ་སུའོ་ཧྥུ་དང་། ཁྲེར་ཉི་ཞུའེ་ཧྥུ་སི་ཅི་དང་། ཐུའོ་ཨེར་སི་ཐའེ་དང་། ཆི་ཁེ་ཧྥུ་དང་། ཀོར་ཅི་དང་། ཞའོ་ལུའོ་ཧོ་ཧྥུ་དང་། ཁྲའེ་ཁོ་ཧྥུ་སི་ཅི་དང་། ལི་མུའུ་སི་ཅི་—ཁོ་ས་ཁོ་ཧྥུ་དང་། ལ་ཧོ་མ་ཉི་ནོ་ཧྥུ་དང་། ལེ་པིན་སོགས་མཁས་དབང་མང་པོ་བྱུང་ཡོད། ཧྥ་རན་སིར་ལ་པོ་ལེ་དང་། ལ་ཧྥེང་ཏན་དང་། མོ་ལི་ཨེ་དང་། སི་ཐང་ཏ་དང་། པར་ཀྲ་ཁེ་དང་། ཡུས་ཀོ་དང་། ཏ་ཀྲུང་མ་དང་། ཞའོ་ཀྲུང་མ་དང་། མོ་པོ་སང་དང་། ལུའོ་མན་•ལུའོ་ལན་དང་། ས་ཐེ་དང་། ཅ་ལུའུ་དང་། སྨི་ལེ་དང་། མ་ནེ་དང་། ཏེ་ཅ་དང་། སའེ་ཧྲང་དང་། མོ་ནེ་དང་། ལུའོ་ཏན་དང་། པོ་ལིའོ་ཚི་དང་། པི་ཚའེ་དང་། ཏེ་པིའོ་ཞི་སོགས་མཁས་མཆོག་མང་པོ་བྱུང་མྱོང་། དབྱིན་ཇི་ལ་ཆའོ་སུའུ་དང་། སྨིར་ཏུན་དང་། པའེ་ལུན་དང་། ཞུའེ་ལའེ་དང་། ཅི་ཚི་དང་། ཏི་ཀེན་སི་དང་། ཧ་ཏའེ་དང་། ཞའོ་པོ་ན་དང་། ཐོའུ་ན་སོགས་མཁས་མཆོག་མང་དུ་བྱུང་ལ། འཇར་མན་ལ་ལའེ་ཤིན་དང་། ཀོ་ཏེ་དང་། ཞི་ལེ་དང་། ཧའེ་ཉེ་དང་། པ་ཧོ་དང་། པེ་ཏོ་ཧྥེན་དང་། ཧྲུའུ་མན་དང་། ཝ་ཀོ་ན་དང་། པོ་ལ་མུའུ་སི་སོགས་མཁས་ཆེན་མང་པོ་བྱུང་མྱོང་། ཨ་རི་ལ་ཧོ་སང་དང་། ལང་ཧྥེ་ལུའོ་དང་། སི་ཐུའོ་ཧྥུ་རེན། ཧུའེ་ཐེ་མན་དང་། མ་ཁེ་•ཐུའུ་ཝུན་དང་། ཏེ་ལའེ་སེ་དང་། ཅེ་ཁེ་•ལུན་ཏོན་དང་། ཧའེ་མིང་ཝུའེ་སོགས་མཁས་དབང་མང་པོ་བྱུང་ཡོད། བདག་གིས་ཉེ་ལམ་རྒྱ་གར་ལ་འཚམས་འདྲི་བྱས་པ་དང་། རྒྱ་གར་མི་དམངས་ལའང་ཐུན་མོང་མ་ཡིན་པའི་རིག་རྩལ་གསར་གཏོད་ཀྱི་གསོན་ཤུགས་ལྡན། ཧ་ལམ་སྤྱི་ལོའི་སྔོན་གྱི་ལོ་1000གི་སྔ་རྗེས་སུ་《སྲིད་སྲུང་》དང་། 《ངེས་བརྗོད་》 《སྙན་ཚིག》《མཆོད་སྦྱིན་》བཅས་རིག་བྱེད་བཞི་གྲུབ་པ་དང་། ཧྥ་ཞན་དང་ཞོན་ཙང་རྒྱ་གར་དུ་སློབ་གཉེར་ལ་འགྲོ་དུས། རྒྱ་གར་གྱི་སྙན་ངག་དང་། ཞབས་བྲོ་དང་། རི་མོ་དང་། ཆོས་ལུགས་འཛུགས་སྐྲུན་དང་། འཇིམ་བརྐོས་བཅས་ཀྱི་ཆུ་ཚད་ཧ་ཅང་མཐོན་པོ་ཞིག་ཏུ་སླེབས་པ་དང་། ཐེ་ཀོར་གྱིས་དེ་བས་ཀྱང་འཛམ་གླིང་རང་བཞིན་གྱི་ཤུགས་རྐྱེན་ཆེན་པོ་ཐེབས། རང་རྒྱལ་དུ་དེ་བས་ཀྱང་མང་སྟེ། ལའོ་ཙི་དང་། ཁུང་ཙི་དང་། ཀྲོང་ཙི་དང་། མེང་ཙི་དང་། ཆུས་ཡོན་དང་། ཝང་ཞི་ཀྲི་དང་། ལི་པའེ་དང་། ཏུའུ་ཧྥུ་དང་། སུའུ་ཧྲི་དང་། ཞིན་ཆི་ཅི་དང་། ཀོན་ཧན་ཆིན་དང་། ཚའོ་ཞུའེ་ཆིན་བཅས་དང་། “ལུའུ་ཀུའོ་མའོ་པ་ལའོ་ཚའོ་”(ལུའུ་ཞུན་དང་། ཀུའོ་མོ་རུའོ་དང་། མའོ་ཏུན་དང་། པ་ཅིན་དང་། ལའོ་ཧྲི་དང་། ཚའོ་ཡུས།)ནས་ཉེ་ཨེར་དང་། ཞན་ཞིང་ཧའེ་དང་། མེ་ལན་ཧྥང་དང་། ཆི་པའེ་ཧྲི་དང་། ཞུས་པེ་ཧུང་བཅས་པ་དང་། སྙན་ངག་གི་གཞུང་དང་ཁྲུའུ་རྒྱལ་རབས་ཀྱི་སྙན་ཚིག་ནས་ཧན་རྒྱལ་རབས་ཀྱི་ཚིག་ལྷུག ཐང་རྒྱལ་རབས་ཀྱི་སྙན་ངག སུང་རྒྱལ་རབས་ཀྱི་ཚིག ཡོན་རྒྱལ་རབས་ཀྱི་གཏམ་རྒྱུད། མིང་ཆིང་རྒྱལ་རབས་ཀྱི་བརྩམས་སྒྲུང་བཅས་དང་། 《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》དང་《མ་ན་སི་》ནས་《ཅང་ཀེར་》བར་གྱི་སྒྲུང་དང་། ལྔ་བཞིའི་དུས་སྐབས་ཀྱི་རིག་གནས་གསར་པའི་ལས་འགུལ་དང་ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་སྒྱུར་བཅོས་སྒོ་འབྱེད་ཀྱི་བར་དུ། སྐར་ཚོགས་ལྟ་བུའི་རིག་རྩལ་མཁས་ཅན་ཐོན་པ་དང་། གྲངས་མཐའ་མེད་པའི་རིག་རྩལ་བརྩམས་ཆོས་བྱུང་ཡོད། འདིས་ཀྲུང་ཧྭ་མི་རིགས་ལ་འཚོ་བཅུད་ཕུན་སུམ་ཚོགས་པ་མཁོ་འདོན་བྱས་པར་མ་ཟད། འཛམ་གླིང་གི་ཤེས་དཔལ་ལའང་ངོ་མཚར་རྨད་དུ་བྱུང་བའི་ལེགས་སྐྱེས་ཕུལ།

ལོ་རྒྱུས་དང་དོན་དངོས་ཚང་མའི་ཐོག་ནས་ཀྲུང་ཧྭ་མི་རིགས་ལ་རིག་གནས་གསར་གཏོད་བྱེད་ནུས་ཆེན་པོ་ལྡན་པ་ར་སྤྲོད་བྱས་ཡོད། ལོ་རྒྱུས་ཀྱི་འགག་རྩ་གལ་ཆེན་ལ་ཐུག་ཚེ་རིག་གནས་ཀྱིས་རྒྱལ་ཁབ་ཀྱི་ལས་དབང་ལ་འགྱུར་ལྡོག་འབྱུང་བར་ཤེས་ཐུབ་པ་དང་། དུས་རབས་ཀྱི་རླབས་རྒྱུན་ཁྲོད་ཀྲོང་ངེར་འགྲེང་བ། དུས་རབས་ཀྱི་སྔོན་བརྡ་བཏང་སྟེ། མི་དམངས་དུང་ཕྱུར་དང་རླབས་ཆེའི་མེས་རྒྱལ་ལ་སྟོབས་ཤུགས་སྦྱིན་ཐུབ། ཀྲུང་ཧྭའི་རིག་གནས་ཀྱིས་རྩ་བ་བརྟན་སྲུང་དང་རྒྱུན་ཆད་མེད་པར་དུས་བསྟུན་མདུན་སྐྱོད་ཀྱང་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱིས་མི་རིགས་ཀྱི་གདེང་ཚོད་བརྟན་པོར་འཆང་བ་དང་ཉམས་གསོའི་ནུས་པ་ཆེན་པོ་རྒྱུན་འཁྱོངས་བྱེད་ཐུབ་ཅིང་། ཐུན་མོང་གི་བརྩེ་དུང་དང་རིན་ཐང་། ཐུན་མོང་གི་ཕུགས་བསམ་དང་སྙིང་སྟོབས་ཀྱང་སྐྱེད་སྲིང་བྱས།

ཀྲུང་ཧྭའི་རིག་གནས་དར་རྒྱས་གོང་འཕེལ་མ་བྱུང་ན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་མི་སྲིད། མི་རིགས་ཤིག་བསྐྱར་དར་ཡོང་བར་དངོས་པོའི་སྟོབས་ཤུགས་ཆེན་པོ་ཡོད་དགོས་ལ། བསམ་པའི་སྟོབས་ཤུགས་ཀྱང་ཆེན་པོ་ཡོད་དགོས། སྔོན་ཐོན་རིག་གནས་ཀྱི་དགེ་མཚན་ལྡན་པའི་སྣེ་ཁྲིད་མེད་པ་དང་། མི་དམངས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཚོགས་པོ་མེད་པ། མི་རིགས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཚོགས་པ་མེད་པ། མི་རིགས་ཀྱི་བསམ་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་ཞིག་མེད་ན། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་འཛམ་གླིང་མི་རིགས་ཀྱི་གྲས་སུ་ཀྲོང་ངེར་འགྲེང་མི་སྲིད།

(2014ལོའི་ཟླ་10ཚེས་15ཉིན་རིག་རྩལ་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཡིན།)

གཉིས།

“ཤིང་སྡོང་རིང་པོར་སྐྱེ་འདོད་ན། དེའི་རྩ་བ་བརྟན་པོ་ཚུགས་དགོས། ཆུ་རྒྱུན་རྒྱང་དུ་བཞུར་འདོད་ན། ངེས་པར་དུ་དེའི་ཆུ་མགོ་གཤོང་དགོས་”ཞེས་པ་ལྟར། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་སྲོག་རྩ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་འབྱུང་ཁུངས་གལ་ཆེན་ཡིན་ལ། ང་ཚོས་འཛམ་གླིང་རིག་གནས་ཀྱི་གཡོ་འཁྱོམ་ཁྲོད་རྐང་པ་བརྟན་པོར་ཚུགས་པའི་རྨང་གཞི་བརྟན་པོ་ཡང་ཡིན། རིག་གནས་ཀྱི་རང་རྟོགས་དང་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་ནི་བགྲོད་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད་བཅས་ཇེ་བརྟན་དུ་གཏོང་བའི་བརྗོད་གཞིའི་ཁྲོད་འདུས་པའི་དོན་སྙིང་ཞིག་རེད། གལ་ཏེ་“ཕྱི་གླིང་ནི་མཆོག་ཏུ་གྱུར་པ་”དང་། “ཕྱི་གླིང་ནི་ཆེས་མཛེས་པོར་བརྩི་བ།” “ཕྱི་གླིང་ཁོ་ནར་བསྟུན་པ་”བྱས་པ་དང་། བརྩམས་ཆོས་ལ་ཕྱི་རྒྱལ་དུ་བྱ་དགའ་ཐོབ་པ་དེ་བརྩོན་གཉེར་མཐོ་ཤོས་སུ་བརྩིས་ཏེ་གཞན་གྱི་རྗེས་སུ་འབྲངས་ནས། “བསམ་བློ་ཅན་མེད་པར་གཏོང་བ་”དང་། “རིན་ཐང་ཅན་མེད་པར་གཏོང་བ།” “ལོ་རྒྱུས་ཅན་མེད་པར་གཏོང་བ།” “ཀྲུང་གོ་ཅན་མེད་པར་གཏོང་བ།” “གཙོ་རྒྱུན་ཅན་མེད་པར་གཏོང་བ་”བཅས་ཀྱི་བྱེད་སྟངས་ལ་ཞེན་ན་མདུན་ལམ་གཏན་ནས་མེད་པ་ཞིག་རེད། དོན་དངོས་ཐོག་ཕྱི་རྒྱལ་གྱི་མི་ཡང་འདི་གར་ཡོང་ནས་རྒྱུ་ཆ་དང་ཐོལ་ཤེས་འཚོལ་བཞིན་ཡོད་པ་དང་། ཧོ་ལའེ་ཝུ་ཡིས་ཕབ་སྐྲུན་བྱས་པའི་《དྲག་རྩལ་དོམ་ཁྲ་》དང་《ཧྭ་མུའུ་ལན་》སོགས་ཀྱི་གློག་བརྙན་ནི་ང་ཚོའི་རིག་གནས་ཐོན་ཁུངས་ལས་བྱུང་བ་ཞིག་མིན་ནམ།

ཀྲུང་ཧྭ་མི་རིགས་ཀྱིས་ཡུན་རིང་བའི་ལག་ལེན་ཁྲོད་ཐུན་མོང་མ་ཡིན་པའི་བསམ་བློའི་འདུ་ཤེས་དང་ཀུན་སྤྱོད་ཀྱི་ཚད་གཞི་སྐྱེད་སྲིང་བྱས་ཏེ་གཞི་གྲུབ་པ་དང་། གོང་བཀུར་བྱམས་སྐྱོང་དང་། དམངས་རྩ་བར་འཛིན་པ། ཡིད་རྟོན་སྲུང་བ། རྩོད་སྒྲུབ་ལ་དང་དོད་བྱེད་པ། འཆམ་མཐུན་ཡོང་ཐབས་བྱེད་པ། ཀུན་མཐུན་དོན་གཉེར་བྱེད་པ་སོགས་ཀྱི་བསམ་བློ་མཆིས་ཤིང་། ལས་བཀུར་མཉམ་སྐྱོང་དང་། དྲང་སྐྱོར་དགེ་སྤེལ། བདེན་སྐྱོར་དཀའ་སེལ། བདེན་པའི་རྒྱབ་ལངས་བྱེད་པ། རྒན་བཀུར་གཉེན་གཅེས་སོགས་ཀྱི་སྲོལ་ཡང་ལྡན། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་བསམ་བློའི་འདུ་ཤེས་དང་ཀུན་སྤྱོད་ཀྱི་ཚད་གཞི་མང་པོ་ཞིག་སྔོན་ཆད་དང་ད་ལྟ་གང་ཡིན་རུང་ཡལ་དུ་མེད་པའི་རིན་ཐང་ཡོད། ང་ཚོས་དུས་རབས་ཀྱི་ཆ་རྐྱེན་གསར་པ་དང་ཟུང་འབྲེལ་བྱས་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཀྲུང་ཧྭའི་མཛེས་རིག་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས། ཀྲུང་ཧྭའི་མཛེས་རིག་གིས་བརྩེ་བ་དངོས་ལ་བཅོལ་ནས་སྟོན་པ་དང་། གནས་ལུགས་ནི་དོན་ལས་གསལ་བཤད་བྱེད་ལ། ཚིག་ཉུང་ཞིང་དོན་བསྡུས་ལ་གནད་ཟིན་པ། རྣམ་པ་དང་ནང་དོན་གཉིས་འདུས་པ། གོ་དོན་ཟབ་མོ་ལྡན་པ་གཙོར་འཛིན་པ། ཤེས་བྱ་དང་། བརྩེ་བ། འདོད་བློ། བྱ་སྤྱོད་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་བྱེད་པ་ནན་བཤད་གནང་ཡོད། ང་ཚོས་ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་བརྟན་སྲུང་དང་ཀྲུང་ཧྭའི་རིག་གནས་ཀྱི་གཞི་རྒྱུ་རྒྱུན་འཛིན་བྱས་ཏེ་ཀྲུང་ཧྭའི་ཉམས་འགྱུར་མངོན་པར་བྱེད་དགོས།

ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་བྱེད་པ་ནི་སྟབས་བདེའི་ངང་གནའ་གསོ་བྱེད་པ་ཞིག་གཏན་ནས་མིན་ལ། མུན་འཐོམས་ངང་ཕྱི་ཕྱོགས་སུ་ཟུར་འབུད་བྱེད་པ་ཞིག་ཀྱང་མིན་པར། གནའ་བཟང་དེང་སྤྱོད་དང་ཕྱི་བཟང་ཀྲུང་སྤྱོད། རྩོད་སྒྲུབ་བླང་དོར་དང་རྙིང་འབུད་གསར་འདོན་བྱེད་པ། མི་ལེགས་པའི་ཆ་དོར་ནས་དགེ་མཚན་ལྡན་པའི་བསམ་བློ་རྒྱུན་འཛིན་བྱེད་པ་ཞིག་ཡིན་ཞིང་། “གནའ་མིའི་ལུགས་སྲོལ་ལྟར་རང་ཉིད་ཀྱི་རྣམ་པ་གཏོད་”ཅེས་པ་ལྟར་ཀྲུང་ཧྭའི་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས།

(2014ལོའི་ཟླ་10ཚེས་15ཉིན་རིག་རྩལ་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཡིན།)

གསུམ།

ང་ཚོས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས་ཟེར་བ་དེ་ངག་ཐོག་ཙམ་མ་ཡིན་པར་བྱ་སྤྱོད་ཐོག་དོན་འཁྱོལ་བྱེད་དགོས་ཏེ། ལོ་རྒྱུས་ཀྱི་ཤུལ་བཞག་རིག་གནས་ནི་མེས་པོས་ང་ཚོར་བཞག་པ་ཡིན་པས་ང་ཚོས་ངེས་པར་དུ་མི་རབས་རྗེས་མར་ཆ་ཚང་བ་སྤྲོད་དགོས། གྲོང་ཁྱེར་ནི་མི་རིགས་ཤིག་གི་རིག་གནས་དང་བརྩེ་དུང་དྲན་ཤེས་ཀྱི་གཞི་རྟེན་དང་ལོ་རྒྱུས་རིག་གནས་ནི་གྲོང་ཁྱེར་གྱི་ཡིད་དབང་འཕྲོག་ཤུགས་ཀྱི་འགག་རྩ་ཡིན། གནའ་མིའི་བཤད་རྒྱུན་ལ་“བྱ་དངོས་ཡོད་དགུར་ཆོས་ཉིད་ཡོད་དེ། རང་རང་གིས་དེའི་རྩ་བ་བསྲུང་དགོས་”ཞེས་པ་ལྟར། ཀྲུང་ཧྭའི་ཤེས་དཔལ་སྔ་ནས་ད་བར་རྒྱུན་མ་ཆད་པར་གནས་པའི་རྒྱུ་མཚན་ནི་རྩ་བའི་འདུ་ཤེས་ཡོད་པའི་རྐྱེན་གྱིས་ཡིན། ད་ལྟ་འཛུགས་སྐྲུན་གྱི་བྱ་སྤྱོད་མང་པོ་ཞིག་གིས་ལོ་རྒྱུས་དང་རིག་གནས་ལ་ཤེས་རྟོགས་མེད་པ་དང་མཐོང་ཆུང་བྱས་པའི་རྐྱེན་གྱིས་ལོ་རྒྱུས་དང་རིག་གནས་ཀྱི་འབྲེལ་བ་བཅད་པའི་གླེན་པའི་ལས་ཀ་མི་ཉུང་བ་བསྒྲུབས་ཡོད།

གྲོང་ཁྱེར་འཛུགས་སྐྲུན་བྱེད་སྐབས་གྲོང་མིས་རི་བོ་མཐོང་བ་དང་། ཆུ་བོ་མཐོང་བ། གྲོང་གསེབ་ཀྱི་དྲན་གདུང་བློ་ལ་ངེས་ཐུབ་པ་བཅས་བྱེད་དགོས་ཞེས་ངས་བཤད་མྱོང་། ཕ་ཡུལ་གྱི་དྲན་གདུང་བློ་ལ་བརྟན་པོར་ངེས་དགོས་ན། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་དར་སྤེལ་གཏོང་དགོས་པ་དང་། གྲོང་ཁྱེར་གྱི་ལོ་རྒྱུས་ཀྱི་རྩ་བ་རྒྱུན་མཐུད་དང་ཀྲུང་ཧྭའི་རིག་གནས་ཀྱི་གཞི་རྒྱུ་སོར་འཇོག་བྱེད་དགོས། མེས་པོའི་བཞག་པའི་རིག་དངོས་ཤུལ་བཞག་ལ་སྲུང་སྐྱོང་བྱེད་དགོས་ན། རིག་དངོས་ཤུལ་བཞག་དང་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན། གྲོང་རྡལ་གྲགས་ཅན། གྲོང་ཚོ་གྲགས་ཅན། ལོ་རྒྱུས་ཀྱི་ཁྲོམ་ལམ་ཁུལ་དང་། ལོ་རྒྱུས་ཀྱི་འཛུགས་སྐྲུན། བཟོ་ལས་ཀྱི་ཤུལ་བཞག་བཅས་དང་དེ་བཞིན་མངོན་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་ཡག་པོ་བྱེད་པ་ལས། “གནའ་ཤུལ་ངོ་མ་བཤིག་ནས་གནའ་ཤུལ་རྫུན་མ་བཟོ་བའི་”གླེན་པའི་ལས་ཀ་ལས་མི་རུང་། གནའ་བོའི་བཟོ་བཀོད་ལ་སྲུང་སྐྱོབ་བྱེད་དགོས་པ་མ་ཟད། ཉེ་རབས་ཀྱི་བཟོ་བཀོད་ལའང་སྲུང་སྐྱོབ་བྱེད་དགོས། ཁེར་རྐྱང་འཛུགས་སྐྲུན་ལ་སྲུང་སྐྱོང་བྱེད་དགོས་པ་མ་ཟད། ཁྲོམ་གཞུང་དང་ཁྲོམ་ལམ་ཁུལ། གྲོང་ཁྱེར་དང་གྲོང་རྡལ་གྱི་བཀོད་པ་ལའང་སྲུང་སྐྱོང་བྱེད་དགོས། སྤུས་ལེགས་བཟོ་སྐྲུན་ལ་སྲུང་སྐྱོང་བྱེད་དགོས་པ་མ་ཟད། གྲོང་གསེབ་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་དམངས་སྲོལ་ལའང་སྲུང་སྐྱོང་བྱེད་དགོས།

མི་རིགས་ཤིག་ལ་མི་རིགས་ཀྱི་སྙིང་སྟོབས་དགོས་པ་དང་། གྲོང་ཁྱེར་ཞིག་ལའང་གྲོང་ཁྱེར་གྱི་སྙིང་སྟོབས་དགོས། གྲོང་ཁྱེར་གྱི་སྙིང་སྟོབས་ཀྱིས་གྲོང་ཁྱེར་ཞིག་གི་ཁྱད་ཆོས་མཚོན། རང་ཉིད་ཀྱི་ལོ་རྒྱུས་རྒྱུན་འཛིན་དང་། ས་ཁོངས་རིག་གནས། དུས་རབས་ཀྱི་བླང་བྱ་བཅས་དང་ཟུང་འབྲེལ་བྱས་ཏེ་རང་ཉིད་ཀྱི་གྲོང་ཁྱེར་སྙིང་སྟོབས་བསྐྲུན་པ་དང་། ཕྱི་ཕྱོགས་སུ་སྣང་བརྙན་མངོན་པ། ནང་ཁུལ་དུ་མི་སེམས་གཅིག་སྒྲིལ་བཅས་བྱེད་དགོས།

(2015ལོའི་ཟླ་12ཚེས་20ཉིན་ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་སྐོར་གྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཡིན།)

བཞི།

ལོ་ངོ་སྟོང་ཕྲག་ཁ་ཤས་ལ་དར་བའི་ཀྲུང་ཧྭའི་རིག་གནས་འདི་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དར་རྒྱས་གོང་འཕེལ་ཡོང་བའི་རྨང་གཞི་བརྟན་པོ་ཞིག་ཡིན། ངས་འདི་ལྟར་བཤད་མྱོང་སྟེ། སྤྱི་ལེ་གྲུ་བཞི་མ་ཁྲི་ཚོ་960ཡི་ས་གཞི་རྒྱ་ཆེན་པོའི་སྟེང་དུ་ལངས་ནས། ཀྲུང་ཧྭ་མི་རིགས་ཀྱིས་དུས་ཡུན་རིང་པོར་འབད་འཐབ་བྱས་ནས་གསོག་འཇོག་བྱས་པའི་རིག་གནས་ཀྱི་གསོ་བཅུད་ལ་རོལ་བ་དང་། ཀྲུང་གོའི་མི་དམངས་དུང་ཕྱུར་13གཅིག་ཏུ་གྲིལ་བའི་སྟོབས་ཤུགས་མངའ་བས་ན། ང་རང་ཚོ་རང་ཉིད་ཀྱི་ལམ་དུ་བསྐྱོད་པར་གར་སྟེགས་ཆེན་པོ་ཡོད་པ་དང་། ལོ་རྒྱུས་ཀྱི་བསགས་ནོར་འགྲན་ཟླ་བྲལ་བ་ཡོད་ལ། མདུན་སྐྱོད་ཀྱི་ངེས་ཤུགས་གཞན་དྲིང་མི་འཇོག་པ་ཡོད། ཀྲུང་གོའི་མི་དམངས་ལ་དེ་འདྲའི་གདེང་ཚོད་ཡོད་དགོས་ལ། ཀྲུང་གོ་བ་རེ་རེ་ཚང་མར་དེ་འདྲའི་གདེང་ཚོད་ཡོད་དགོས། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད་བཅས་ཇེ་བརྟན་དུ་གཏོང་དགོས་ཞེས་བཤད་པ་ནི། མདོར་བསྡུས་ན་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་དགོས་པ་དེ་ཡིན། རིག་གནས་ཀྱི་གདེང་ཚོད་ནི་སྔར་བས་གཞི་རྩར་གྱུར་པ་དང་། སྔར་བས་གཏིང་ཟབ་པ། སྔར་བས་རྒྱུན་བརྟན་པ་བཅས་ཀྱི་སྟོབས་ཤུགས་ཤིག་རེད། ལོ་རྒྱུས་དང་དོན་དངོས་ཀུན་ལས་གསལ་བཤད་བྱས་དོན། རང་ཉིད་ཀྱི་ལོ་རྒྱུས་དང་རིག་གནས་དོར་བའམ་ཡང་ན་དེར་རྒྱབ་འགལ་བྱས་པའི་མི་རིགས་ཤིག་ཡིན་ཕྱིན་འཕེལ་རྒྱས་ཡོང་རྒྱུ་ཕར་བཞགལོ་རྒྱུས་ཀྱི་སྐྱོ་གར་འཁྲབ་སྲིད་པ་ཞིག་རེད།

ཀྲུང་ཧྭ་མི་རིགས་ལ་སྲོལ་རྒྱུན་རིག་གནས་གྱ་ནོམ་པ་མངའ་ཡོད་པས། རང་གི་ཁྱད་ཆོས་གསལ་བའི་བསམ་བློའི་མ་ལག་གྲུབ་སྟེ། ཀྲུང་གོ་བས་ལོ་ངོ་སྟོང་ཕྲག་འགའི་རིང་ལ་གསོག་འཇོག་བྱས་པའི་ཤེས་བྱའི་བློ་གྲོས་དང་དཔྱོད་ཤེས་ཀྱི་རིགས་ལམ་དུ་མངོན་ཡོད། འདི་ནི་རང་རྒྱལ་གྱི་ཐུན་མོང་མ་ཡིན་པའི་མཐུན་རྐྱེན་ཡིན། ཀྲུང་ཧྭའི་ཤེས་རིག་གིས་ང་ཚོའི་རྒྱལ་ཁབ་དང་མི་རིགས་ཀྱི་བསམ་པའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ཡོད་པ་ནི། མི་རབས་ནས་མི་རབས་སུ་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་དགོས་ལ། དུས་བསྟུན་འཕེལ་རྒྱས་དང་རྙིང་འབུད་གསར་འདོན་ཡང་བྱེད་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་དར་སྤེལ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ཆེས་རྩ་བར་གྱུར་པའི་རིག་གནས་ཀྱི་གཞི་རྒྱུ་དེ་དེང་རབས་ཀྱི་རིག་གནས་ལ་འཚམ་པ་དང་། དེང་རབས་ཀྱི་སྤྱི་ཚོགས་ལ་མཐུན་སྦྱོར་ཡོང་བར་བྱེད་དགོས་ལ། ཡུལ་དུས་ལས་བརྒལ་བ་དང་རྒྱལ་མཚམས་ལས་བརྒལ་བ། རྟག་བརྟན་གྱི་ཡིད་དབང་འཕྲོག་ཤུགས་ལྡན་པ། དེང་རབས་ཀྱི་རིན་ཐང་ལྡན་པ་བཅས་ཀྱི་རིག་གནས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས། ཀྲུང་ཧྭའི་ཤེས་རིག་གསར་སྐྲུན་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་གོང་སྤེལ་བྱེད་པར་སྐུལ་འདེད་གཏོང་བ་དང་། དེའི་གསོན་ཤུགས་སྐུལ་སློང་བྱས་ཏེ། ཀྲུང་ཧྭའི་ཤེས་རིག་གིས་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་གསར་སྐྲུན་བྱས་པའི་ཤེས་རིག་ཕུན་སུམ་ཚོགས་པ་སྣ་མང་དང་མཉམ་དུ་མིའི་རིགས་ལ་ཡང་དག་པའི་བསམ་པའི་ཁྲིད་སྟོན་བྱེད་དུ་འཇུག་དགོས། རང་རྒྱལ་དང་འཛམ་གླིང་གི་འཕེལ་རྒྱས་ལ་འཕྲད་པའི་གནད་དོན་གལ་ཆེན་ལ་དམིགས་ནས། ཀྲུང་གོའི་ལངས་ཕྱོགས་དང་། ཀྲུང་གོའི་བློ་གྲོས། ཀྲུང་གོའི་རིན་ཐང་བཅས་མཚོན་ཐུབ་པའི་འདུ་ཤེས་དང་། འདོད་བློ། ཇུས་གཞི་བཅས་འདོན་དགོས། ང་ཚོས་“ལྕེ་རྩེའི་ཀྲུང་གོ་”དེ་འཛམ་གླིང་ལ་ཤེས་སུ་འཇུག་རྒྱུ་མ་ཟད། ད་དུང་“རིག་གཞུང་གི་ཀྲུང་གོ་”དང་“གཞུང་ལུགས་ཀྱི་ཀྲུང་གོ།” “མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཀྲུང་གོ་”བཅས་ཀྱང་འཛམ་གླིང་ལ་ཤེས་སུ་འཇུག་དགོས་ཤིང་། “འཕེལ་རྒྱས་འབྱུང་བའི་ཀྲུང་གོ་”དང་། “སྒོ་འབྱེད་བྱེད་པའི་ཀྲུང་གོ།” “མིའི་རིགས་ཀྱི་ཤེས་རིག་ལ་བྱས་རྗེས་འཇོག་པའི་ཀྲུང་གོ་”བཅས་ཀྱང་འཛམ་གླིང་ལ་ཤེས་སུ་འཇུག་དགོས།

མི་རིགས་རང་བཞིན་ལ་དོ་ནན་བྱེད་དགོས་ཟེར་བ་དེས་རྒྱལ་ཁབ་གཞན་དག་གི་རིག་གཞུང་ཞིབ་འཇུག་གི་གྲུབ་འབྲས་ཟུར་དུ་འབུད་དགོས་ཟེར་བ་མ་ཡིན་པར། གཤིབ་བསྡུར་དང་། ཤན་སྦྱར། དགག་གཞགབསྡུ་ལེན། མཐོར་འདེགས་བཅས་ཀྱི་རྨང་གཞིའི་ཐོག་མི་རིགས་རང་བཞིན་དེ་དེང་གི་ཀྲུང་གོ་དང་དེང་གི་འཛམ་གླིང་འཕེལ་རྒྱས་ཀྱི་བླང་བྱ་དང་སྔར་ལས་མཐུན་པར་བྱེད་ཕྱིར་ཡིན། ཇི་ལྟར་མི་རིགས་རང་གི་ཁྱད་ཆོས་ཡིན་ན་དེ་ལྟར་འཛམ་གླིང་སྤྱིའི་ཁྱད་ཆོས་ཡིན་པ་རེད། མི་རིགས་རང་བཞིན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱུང་ན། འཛམ་གླིང་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་ནུས་དེ་བས་ཆེ་བ་དང་། ཀྲུང་གོའི་མངོན་སུམ་གྱི་ལག་ལེན་ཕྱོགས་སྡོམ་ཡག་པོ་བྱུང་ན། འཛམ་གླིང་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་པར་རིགས་ལམ་དང་ཐབས་ལམ་འདོན་སྤྲོད་བྱེད་ཤུགས་དེ་བས་ཆེ་བ་རེད། འདི་ནི་དམིགས་བསལ་ཅན་ནས་ཡོངས་ཁྱབ་ཅན་ལ་འཕེལ་བའི་འཕེལ་རྒྱས་ཀྱི་ཆོས་ཉིད་རེད།

(2016ལོའི་ཟླ་5ཚེས་17ཉིན་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཡིན།)

ལྔ།

ཏང་ཡོངས་ཀྱིས་བགྲོད་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་པོ་འཆང་དགོས། དེང་དུས་འཛམ་གླིང་གི་སྲིད་ཏང་གང་དང་རྒྱལ་ཁབ་གང་དང་མི་རིགས་གང་ལ་གདེང་ཚོད་ཡོད་དམ་ཟེར་ན། ཀྲུང་གོའི་གུང་ཁྲན་ཏང་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ། ཀྲུང་ཧྭ་མི་རིགས་བཅས་ལ་ནི་གདེང་ཚོད་ལྡན་པའི་རྒྱུ་མཚན་ཆེ་ཤོས་ཡོད་ཅེས་བརྗོད་ཆོག མི་ལོ་ཉིས་བརྒྱ་འཚོ་བའི་གདེང་ཡོད་པས། ལེ་དབར་སུམ་སྟོང་རྐྱལ་བའི་སྤོབས་པ་ཡོད་ཅེས་པའི་སྙིང་སྟོབས་ལྡན་ཚེ། ང་ཚོས་འཇིགས་པ་སྤུ་ཙམ་མེད་པར་དཀའ་ངལ་དང་འགྲན་སློང་མཐའ་དག་ལ་ཁ་གཏད་འཇལ་ཐུབ་པ་དང་། བློ་བརྟན་འགྱུར་མེད་ངང་གནམ་ས་གསར་པ་དང་ངོ་མཚར་གསར་པ་བསྐྲུན་ཐུབ་ངེས་རེད།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་འགྲོ་ལམ་དང་། མི་དམངས་ལ་དགའ་སྐྱིད་ལྡན་པའི་འཚོ་བ་སྐྲུན་པའི་ལྡོག་མེད་ཀྱི་འགྲོ་ལམ་ཡིན་པར་ང་ཚོས་ཡིད་ཆེས་བརྟན་པོ་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ནི་ཏང་དང་མི་དམངས་ལ་སློབ་སྟོན་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དེད་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་བྱེད་པའི་རིགས་པའི་གཞུང་ལུགས་ཡང་དག་པ་ཞིག་དང་། དུས་རབས་ཀྱི་མདུན་གྲལ་དུ་གནས་ཤིང་དུས་བསྟུན་འཕེལ་རྒྱས་ཡོང་བར་བྱེད་པའི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཤིག་ཡིན་པར་ང་ཚོས་ཡིད་ཆེས་བརྟན་པོ་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་དེང་རབས་ཀྲུང་གོ་ཡར་རྒྱས་གོང་འཕེལ་ཡོང་བར་བྱེད་པའི་རྩ་བའི་ལམ་ལུགས་ཀྱི་འགན་ལེན་ཞིག་དང་། ཀྲུང་གོའི་ཁྱད་ཆོས་གསལ་པོ་ལྡན་པ་དང་། ལམ་ལུགས་ཀྱི་དགེ་མཚན་མངོན་གསལ་དོད་པོ་ལྡན་པ། རང་ངོས་ནས་འཐུས་སྒོ་ཚང་དུ་གཏོང་བའི་ནུས་པ་ཆེན་པོ་ལྡན་པ་བཅས་ཀྱི་སྔོན་ཐོན་ལམ་ལུགས་ཤིག་ཡིན་པར་ང་ཚོས་ཡིད་ཆེས་བརྟན་པོ་བྱེད་དགོས།

རིག་གནས་ཀྱི་གདེང་ཚོད་ནི་དེ་བས་རྨང་གཞིར་གྱུར་པ་དང་། དེ་བས་ཁྱབ་རྒྱ་ཆེ་བ། དེ་བས་གཏིང་ཟབ་ཡིན་པའི་གདེང་ཚོད་ཅིག་ཡིན། ལོ་ངོ་5000ལྷག་ཙམ་གྱི་ཤེས་རིག་འཕེལ་རྒྱས་ལས་བྱུང་བའི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་། ཏང་དང་མི་དམངས་ཀྱི་འཐབ་རྩོད་རླབས་པོ་ཆེ་ལས་བྱུང་བའི་གསར་བརྗེའི་རིག་གནས་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་གཏིང་ཟབ་ཤོས་ཀྱི་བསམ་པའི་རེ་སྙེག་གི་བསགས་ནོར་ཡིན་པ་དང་། དེས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བསམ་པའི་རྟགས་མཚན་མཚོན་ཡོད། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་། རྒྱལ་གཅེས་རིང་ལུགས་སྙིང་པོར་གྱུར་པའི་མི་རིགས་ཀྱི་སྙིང་སྟོབས་དང་སྒྱུར་བཅོས་གསར་གཏོད་སྙིང་པོར་གྱུར་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་རྒྱུན་འཆད་མེད་པར་ཆེ་རུ་གཏོང་དགོས།

ཏང་ཡོངས་ཀྱི་བློ་མཐུན་ཚང་མས་ངེས་པར་དུ་སེམས་ལ་འཛིན་དགོས་པ་ཞིག་ནི། ང་ཚོས་འཛུགས་སྐྲུན་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡིན་པ་ལས་རིང་ལུགས་གཞན་གང་ཡང་མིན་པ་དེ་ཡིན། ལོ་རྒྱུས་ལ་མཇུག་སྒྲིལ་དུས་མེད་ལ་སུ་དང་གང་གིས་ཀྱང་མཇུག་བསྒྲིལ་མི་སྲིད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་པོ་ཡོད་མེད་ནི་དོན་དངོས་ལ་ལྟ་དགོས་པ་དང་ཀྲུང་གོའི་མི་དམངས་ཀྱི་གདེང་འཇོག་ལ་ལྟ་དགོས་པ་ལས། ཕྱོགས་རིས་ཅན་ཚོའི་རང་སྣང་འོལ་ཚོད་ཀྱི་སྡོམ་ཚིག་ལ་ལྟ་མི་དགོས། ཀྲུང་གོའི་གུང་ཁྲན་ཏང་མི་དང་ཀྲུང་གོའི་མི་དམངས་ལ་མིའི་རིགས་ལ་སྔར་ལས་ལྷག་པའི་སྤྱི་ཚོགས་ལམ་ལུགས་ཤིག་འཚོལ་ཞིབ་བྱེད་པའི་ཐད་དུ་ཀྲུང་གོའི་ཇུས་གཞི་མཁོ་འདོན་ཐུབ་རྒྱུའི་ཡིད་ཆེས་བརྟན་པོ་ཡོད།

(2016ལོའི་ཟླ་7ཚེས་1ཉིན་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་95འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ཡིན།)

དྲུག

རྣམ་པ་ཚོར་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། རིག་རྩལ་ལ་བརྟེན་ནས་མི་རིགས་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བའི་རེ་བ་ཞུ་རྒྱུ་ཡིན། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་དགོས་ན་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་དགོས། མི་རིགས་ཀྱི་ཁྱད་ཆོས་གསལ་ཞིང་རང་ཆོས་ལྡན་པའི་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་བྱེད་དགོས་ན། རྒྱ་ཆེ་ཞིང་གཏིང་ཟབ་པའི་ཀྲུང་ཧྭའི་རིག་གནས་ཤེས་རྟོགས་ཟབ་མོ་བྱེད་དགོས་པ་མ་ཟད། རིག་གནས་ཀྱི་གདེང་ཚོད་སྔར་བས་ཆེན་པོ་ལྡན་དགོས་པ་རེད། རྒྱ་ཆེའི་རིག་རྩལ་ལས་དོན་བྱེད་མཁན་ཡོངས་ཀྱིས་ཀྲུང་ཧྭའི་རིག་གནས་ཀྱི་གཏེར་མཛོད་ལས་སྙིང་བཅུད་དང་ནུས་ཚད་བསྡུ་ལེན་བྱེད་པ་དང་། རང་ཉིད་ཀྱི་རིག་གནས་ཕུགས་བསམ་དང་རིག་གནས་རིན་ཐང་ལ་གདེང་ཚོད་ཆེན་པོ་རྒྱུན་འཁྱོངས་དང་། རང་ཉིད་ཀྱི་རིག་གནས་གསོན་ཤུགས་དང་གསར་སྐྲུན་བྱེད་ནུས་ལ་གདེང་ཚོད་ཆེན་པོ་རྒྱུན་འཁྱོངས་བྱས་ཏེ། རང་ཉིད་ཀྱི་བརྩམས་ཆོས་དེ་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་རྒྱུན་འཆད་མེད་པར་མདུན་དུ་སྐྱོད་པར་སྐུལ་སློང་བྱེད་པའི་བསམ་པའི་སྟོབས་ཤུགས་སུ་ཆགས་པར་བྱེད་དགོས།

རིག་གནས་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་བླ་སྲོག་ཡིན། རང་ཉིད་ཀྱི་ལོ་རྒྱུས་དང་རིག་གནས་དོར་བའམ་ཡང་ན་དེ་ལ་རྒྱབ་གཏོད་བྱེད་པའི་མི་རིགས་ཤིག་ཡིན་ཕྱིན་ཡར་རྒྱས་གོང་འཕེལ་ཡོང་མི་ཐུབ་པ་མ་ཟད། ལོ་རྒྱུས་ཀྱི་སྐྱོ་གར་ཡང་ཡང་འཁྲབ་ཉེན་ཆེ་བ་ལོ་རྒྱུས་དང་མངོན་སུམ་གཉིས་ཐད་ནས་གསལ་པོར་བསྟན་ཡོད། རིག་གནས་ཀྱི་གདེང་ཚོད་ནི། དེ་བས་རྨང་གཞིར་གྱུར་པ་དང་། དེ་བས་ཁྱབ་རྒྱ་ཆེ་བ། དེ་བས་གཏིང་ཟབ་པ་བཅས་ཀྱི་གདེང་ཚོད་ཡིན་པ་དང་། དེ་བས་གཞི་རྩར་གྱུར་པ་དང་། དེ་བས་རྒྱུན་རིང་བ་བཅས་ཀྱི་སྟོབས་ཤུགས་ཡིན། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་ནི་རྒྱལ་ཁབ་ཀྱི་དར་རྒུད་དང་། རིག་གནས་ཀྱི་བདེ་འཇགས། མི་རིགས་སྙིང་སྟོབས་ཀྱི་རང་ཚུགས་རང་བཞིན་བཅས་ལ་ཐུག་ཡོད་པའི་གནད་དོན་ཆེན་པོ་ཞིག་ཡིན། རིག་གནས་ཀྱི་གདེང་ཚོད་མེད་ན། ལ་རྒྱ་ཡོད་པ་དང་། རང་ཆོས་གསལ་བ། ཉམས་འགྱུར་ལྡན་པ་བཅས་ཀྱི་བརྩམས་ཆོས་འབྲི་ཐུབ་མི་སྲིད།

གནའ་ནས་ད་ལྟའི་བར་དུ། འཛམ་གླིང་གི་མི་རིགས་གང་ཞིག་ཡིན་རུང་རང་རང་སོ་སོའི་ལོ་རྒྱུས་འཕེལ་རིམ་ནང་བྱུང་བའི་རིག་རྩལ་བརྩམས་ཆོས་སྤུས་ལེགས་དང་རིག་རྩལ་མཁས་དབང་གི་ཤུགས་རྐྱེན་ཟབ་མོ་མ་ཐེབས་པ་གཅིག་ཀྱང་མེད། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ནི། ཀྲུང་གོའི་མི་དམངས་ཀྱི་འཐབ་རྩོད་བརྒྱུད་རིམ་དང་འབད་འཐབ་ཀྱི་གྲུབ་འབྲས་ཐད་དུ་མངོན་ཡོད་པ་དང་། ཀྲུང་གོའི་མི་དམངས་ཀྱི་བསམ་པའི་འཚོ་བ་དང་བསམ་པའི་འཇིག་རྟེན་ནང་དུ་མངོན་ཡོད་པ་མ་ཟད། ལོ་ངོ་སྟོང་ཕྲག་ཁ་ཤས་ནང་ཀྲུང་ཧྭ་མི་རིགས་ཀྱིས་གསར་རྩོམ་བྱས་པའི་ཕུལ་བྱུང་བརྩམས་ཆོས་ཡོད་ཚད་ལས་ཀྱང་མངོན་ཡོད་པ་དང་། རང་རྒྱལ་གྱི་རྩོམ་རིག་པ་དང་སྒྱུ་རྩལ་པ་ཡོངས་ཀྱི་ཕུལ་དུ་བྱུང་བའི་གསར་རྩོམ་བྱེད་སྒོ་ལས་ཀྱང་མངོན་ཡོད།

ལོ་རྒྱུས་ཀྱི་དུས་སྐབས་རེ་རེར། ཀྲུང་ཧྭ་མི་རིགས་ཀྱིས་ཉམས་པ་མེད་པའི་བརྩམས་ཆོས་བགྲང་ལས་འདས་པ་ཞིག་བརྩམས་ཡོད། སྙན་ངག་གི་བསྟན་བཅོས་དང་ཁྲུའུ་རྒྱལ་རབས་ཀྱི་སྙན་ཚིག་དང་ཧན་རྒྱལ་རབས་ཀྱི་སྤེལ་མ་བཅས་ནས་ཐང་རྒྱལ་རབས་ཀྱི་སྙན་ཚིག་དང་། སུང་རྒྱལ་རབས་ཀྱི་གཞས་ཚིགཡོན་རྒྱལ་རབས་ཀྱི་ཟློས་གར། མིང་ཆིང་རྒྱལ་རབས་ཀྱི་སྒྲུང་རྩོམ་སོགས་ཀྱིས་ཐུན་མོང་དུ་མཚར་སྡུག་འོད་སྟོང་འབར་བའི་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལོ་རྒྱུས་ཀྱི་སྲོལ་རྒྱུན་བཏོད་ཡོད། ཀྲུང་ཧྭ་མི་རིགས་ཀྱི་སྒྱུ་རྩལ་གསར་སྐྲུན་ནུས་པ་ནི་འདི་འདྲའི་སྟོབས་དང་ལྡན་པ་ལ། གསར་སྐྲུན་བྱས་པའི་གྲུབ་འབྲས་ནི་འདི་འདྲའི་འོད་སྟོང་ལྡན་པ་དང་། ཀྲུང་ཧྭ་མི་རིགས་ལ་ཐོག་མ་ཉིད་ནས་རིག་གནས་ཀྱི་གདེང་ཚོད་ཆེན་པོ་ལྡན་པ་ལ། ང་ཚོར་སྤོབས་པ་ཆེན་པོ་སྐྱེ་འོས་པ་དང་། གདེང་ཚོད་ཆེན་པོ་སྐྱེ་འོས་པ་རེད།

(2016ལོའི་ཟླ་11ཚེས་30ཉིན་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དང་། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་སྐབས་དགུ་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་གསུང་བཤད་ཡིན།)

བདུན།

མེས་རྒྱལ་ནི་མི་དམངས་ཀྱི་རྒྱབ་རྟེན་བརྟན་ཤོས་ཡིན་པ་དང་། དཔའ་བོ་ནི་མི་རིགས་ཀྱི་རྣམ་པར་བཀྲ་བའི་གོ་འཕང་ཡིན། མེས་རྒྱལ་ལ་བསྟོད་གླུ་ལེན་པ་དང་། དཔའ་བོར་བསྟོད་བསྔགས་བྱེད་པ་ནི་གནའ་ནས་བཟུང་རིག་རྩལ་གསར་རྩོམ་གྱི་བརྗོད་གཞི་འགྱུར་མེད་ཅིག་ཡིན་ལ། ཆེས་ཡིད་དབང་འགུགས་པའི་ལེ་ཚན་ཡང་ཡིན། ང་ཚོས་རྒྱལ་གཅེས་རིང་ལུགས་ཀྱི་དབྱངས་རྟ་མཐོན་པོར་གྱེར་ནས། གསོན་ཉམས་ལྡན་པའི་རྩོམ་རིག་གི་བརྗོད་བྱ་དང་བཀྲག་མདངས་འཚེར་བའི་སྒྱུ་རྩལ་གྱི་གཟུགས་བརྙན་ཐོག་ནས་མེས་རྒྱལ་གྱི་ཡིད་དུ་འོང་བའི་རི་ཆུ་ལ་མཛེས་རྒྱན་སྤྲས་དགོས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྤྱོད་བཟང་རིས་སུ་འབྲི་དགོས་ཤིང་། ཀྲུང་གོ་བ་ཚང་མའི་སེམས་ཀྱི་མི་རིགས་ཀྱི་སྤོབས་སེམས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་སྐུལ་སློང་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་དཔའ་བོ་རྣམས་ལ་བརྩི་བཀུར་ཞུ་དགོས་པ་དང་། ཚོན་མདངས་རྣམ་པར་བཀྲ་བའི་སྒོ་ནས་དཔའ་བོའི་ཟིན་བྲིས་འདེབས་པ་དང་དཔའ་བོ་བཞེངས་སྐྲུན་བྱས་ཏེ། དཔའ་བོ་རྣམས་རིག་རྩལ་བརྩམས་ཆོས་ལས་སྙན་གྲགས་རྒྱས་པར་བྱེད་དགོས་པ་དང་། མི་དམངས་ལ་ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རྒྱལ་ཁབ་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་བཅས་འཛིན་དགོས་པ་ལས་མེས་པོ་ཁྱད་གསོད་དང་བསྟན་བཅོས་ཁྱད་གསོད། དཔའ་བོ་ཁྱད་གསོད་བཅས་བྱེད་པའི་བྱ་བ་གཏན་ནས་སྒྲུབ་མི་རུང་བར་ཁྲིད་སྟོན་བྱེད་དགོས། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་དཔྱིད་དཔལ་རྒྱས་པ་ལྟ་བུའི་ལག་ལེན་རྒྱས་པར་མཚོན་པ་དང་། རྣམ་པར་བཀྲ་བའི་ཀྲུང་གོ་དང་ཡར་ཐོན་ཡོང་བཞིན་པའི་ཀྲུང་གོ་དང་མཐུན་སྒྲིལ་གྱི་ཀྲུང་གོ་བཅས་རྒྱས་པར་མཚོན་ནས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ངང་མ་འོངས་པར་བསྐྱོད་པར་སྐུལ་སློང་བྱེད་དགོས།

རིག་གནས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་བ་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཤེས་རྟོགས་དང་བཀོལ་སྤྱོད་བྱ་རྒྱུ་དང་འབྲལ་ཐབས་མེད། ལོ་རྒྱུས་ནི་མེ་ལོང་དང་འདྲ་སྟེ། ལོ་རྒྱུས་ལས་ང་ཚོས་འཇིག་རྟེན་གསལ་པོར་མཐོང་ཐུབ་པ་དང་། འཚོ་བར་འཛུལ་ཐུབ་ཅིང་། རང་ངོ་རང་གིས་ཤེས་ཐུབ་པ་རེད་ལ། ལོ་རྒྱུས་མཁས་པ་དང་ཡང་འདྲ་སྟེ། ལོ་རྒྱུས་དང་གཏམ་གླེང་བྱས་ཚེ་ང་ཚོས་འདས་ཟིན་པར་ངོས་འཛིན་དང་། མིག་མདུན་ཤེས་རྟོགས། འབྱུང་འགྱུར་ལ་བློ་ཁ་ཕྱོགས་པ་བཅས་སྔར་ལས་ལྷག་པ་བྱེད་ཐུབ། “གནའ་དེང་སྐད་ཅིག་ཉིད་དུ་གསལ། །ཁམས་གསུམ་སྐད་ཅིག་ཉིད་དུ་བཀྲ། །”ཞེས་པ་ནང་བཞིན་རེད། ལོ་རྒྱུས་ཀྱི་ཤེས་ཚོར་མེད་ན། རྩོམ་རིག་པ་དང་སྒྱུ་རྩལ་པར་རྩོམ་པའི་འཆར་སྒོ་ཕུན་སུམ་ཚོགས་པོ་དང་བསམ་བློ་ཟབ་མོ་ཞིག་འབྱུང་དཀའ་བ་རེད། རྩོམ་རིག་པ་དང་སྒྱུ་རྩལ་པས་ལོ་རྒྱུས་ཀྱི་དཔྱད་གཞི་དང་ཟུང་འབྲེལ་བྱས་ཏེ་སྒྱུ་རྩལ་གྱི་བསྐྱར་སྐྲུན་བྱེད་དགོས་ན། ངེས་པར་དུ་ལོ་རྒྱུས་ཀྱི་ཤེས་རྒྱ་དང་། ལོ་རྒྱུས་ཀྱི་འཇོན་ཐང་། ལོ་རྒྱུས་ཀྱི་ཀུན་སྤྱོད་བཅས་ལྡན་དགོས།

ལོ་རྒྱུས་ཀྱིས་རྩོམ་རིག་པ་དང་སྒྱུ་རྩལ་པར་འཛད་མཐའ་མེད་པའི་གསོ་བཅུད་དང་མུ་མཐའ་བྲལ་བའི་བསམ་པའི་འཆར་སྒོའི་བར་སྟོང་སྦྱིན་མོད། འོན་ཀྱང་རྩོམ་རིག་པ་དང་སྒྱུ་རྩལ་པས་ཁུངས་མེད་ཀྱི་འཆར་སྒོ་སྤྱད་ནས་ལོ་རྒྱུས་འབྲི་མི་རུང་ལ། ལོ་རྒྱུས་རྫུན་མ་ཅན་དུ་དེ་བས་ཀྱང་སྒྱུར་མི་རུང་། རྩོམ་རིག་པ་དང་སྒྱུ་རྩལ་པས་ལོ་རྒྱུས་དོན་དངོས་ཡོངས་སུ་བསྐྱར་བཟོ་བྱེད་མི་ཐུབ་ནའང་། མི་རྣམས་ལ་ལོ་རྒྱུས་ངོ་མ་ཤོད་པ་དང་། མི་རྣམས་ལ་ལོ་རྒྱུས་ཁྲོད་ཀྱི་རིན་ཐང་ཆེ་ཤོས་ཀྱི་དོན་ཤོད་པའི་འགན་འཁྲི་ཡོད། ལོ་རྒྱུས་རྩེད་མོ་རྩེ་བའི་བརྩམས་ཆོས་ཀྱིས་ལོ་རྒྱུས་ལ་བརྩི་འཇོག་མ་བྱས་པ་མ་ཟད། རང་ཉིད་ཀྱི་གསར་རྩོམ་ལ་བརྩི་འཇོག་མ་བྱས་པ་ཡིན་པས། མཇུག་མཐར་ལོ་རྒྱུས་ཀྱི་རྩེད་མོ་བརྩེ་བྱ་ཆགས་ངེས་རེད། དེ་ཡང་ལོ་རྒྱུས་ཀྱི་ལྟ་བ་ཡང་དག་པ་འཛིན་པ་དང་། ལོ་རྒྱུས་ལ་བརྩི་བཀུར་བྱེད་པ་དང་། སྒྱུ་རྩལ་གྱི་ཆོས་ཉིད་ལྟར་མངོན་པར་བྱས་པའི་སྒྱུ་རྩལ་ཅན་གྱི་ལོ་རྒྱུས་ཡིན་ན་ད་གཟོད་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པ་དང་། ད་གཟོད་ད་ལྟ་གཞི་ཚུགས་ཐུབ་ཅིང་རྗེས་རབས་པར་སྤེལ་ཐུབ་པ་རེད།

ཀྲུང་ཧྭའི་རིག་གནས་ནི་ལོ་རྒྱུས་ཀྱི་ཡིན་ལ། དེང་རབས་ཀྱི་ཡང་ཡིན་པ་དང་། མི་རིགས་ཀྱི་རང་ཆོས་ཡིན་ལ། འཛམ་གླིང་གི་སྤྱི་ཆོས་ཀྱང་ཡིན། སྐྱེས་ས་འཚར་སའི་རྐང་འོག་གི་གཞི་འདིར་རྩ་བ་ཟབ་མོར་ཚུགས་ཐུབ་ན། རིག་རྩལ་ལ་ད་གཟོད་ས་བཅུད་ལེན་པ་དང་ས་བཅུད་རྒྱས་ཤིང་སྐྱེ་སྟོབས་འཕེལ་ནས། འཛམ་གླིང་རིག་གནས་ཀྱི་ཡོ་ལང་ཁྲོད་དུ་རྐང་པ་བརྟན་པོ་ཚུགས་ཐུབ་པ་རེད། དེ་ནི་“ཤིང་འབྲས་ཟ་དུས་ལྗོན་ཤིང་དྲན། སྐོམ་ཆུ་འཐུང་དུས་ཆུ་མིག་དྲན་”ཞེས་པ་ནང་བཞིན་རེད། ང་ཚོས་རྩ་བ་མི་བརྗེད་པ་དང་། ཕྱི་ནས་ཡོང་བ་བསྡུ་ལེན། འབྱུང་འགྱུར་ལ་ཁ་ཕྱོགས་པ་བཅས་བྱས་ཏེ། རྒྱུན་འཛིན་གྱི་ངང་དུ་གཞན་སྒྱུར་དང་། སློབ་སྦྱོང་གི་ངང་དུ་བར་བརྒལ་བྱེད་དགོས་པ་དང་། ཀྲུང་ཧྭའི་རིག་གནས་ཀྱི་ཉིང་བཅུད་མངོན་པ་དང་། ཀྲུང་གོ་བའི་མཛེས་དཔྱོད་རེ་སྙེག་མཚོན་པ། དེང་རབས་ཀྲུང་གོའི་རིན་ཐང་ལྟ་བ་སྒྲོག་སྤེལ་བྱས་ལ། འཛམ་གླིང་ཡར་རྒྱས་ཀྱི་འཕེལ་ཕྱོགས་དང་ཡང་མཐུན་པའི་ཕུལ་བྱུང་བརྩམས་ཆོས་སྔར་ལས་མང་པོ་གསར་རྩོམ་བྱས་ཏེ། རང་རྒྱལ་གྱི་རིག་རྩལ་དེ་ཀྲུང་གོའི་ཁྱད་ཆོས་དང་། ཀྲུང་གོའི་ལུགས་སྲོལ། ཀྲུང་གོའི་ཉམས་འགྱུར་བཅས་ལ་བརྟེན་ནས་འཛམ་གླིང་ཐོག་འགྱིང་ངེར་བཞེངས་པར་བྱེད་དགོས།

(2016ལོའི་ཟླ་11ཚེས་30ཉིན་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དང་། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་སྐབས་དགུ་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་གསུང་བཤད་ཡིན།)

བརྒྱད།

རིག་གནས་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་བླ་སྲོག་ཡིན། རིག་གནས་དར་ན་རྒྱལ་ཁབ་དར་རྒྱས་ཡོང་བ་དང་། རིག་གནས་སྟོབས་ལྡན་ཡིན་ན་མི་རིགས་སྟོབས་ལྡན་དུ་འགྱུར། རིག་གནས་ཀྱི་གདེང་ཚོད་ཆེན་པོ་མེད་པ་དང་། རིག་གནས་དར་རྒྱས་གོང་འཕེལ་མ་བྱུང་ན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་མི་སྲིད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་བགྲོད་ལམ་མཐའ་འཁྱོངས་བྱེད་པ་དང་། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་སྐུལ་སློང་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འབྱུང་ཁུངས་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་ལྔ་སྟོང་ལྷག་རིང་གི་དཔལ་ཡོན་དར་བའི་ལོ་རྒྱུས་ལས་བྱུང་བའི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཡིན་པ་དང་། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་གསུམ་བྱས་པའི་ཁྲོད་གསར་དུ་བཏོད་པའི་གསར་བརྗེའི་རིག་གནས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཁྲོད་ནས་ཞུན་བརྡར་ཐོབ་པ་ཡིན་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་རླབས་པོ་ཆེའི་ནང་རྩ་བ་ཚུགས་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་བ་ནི་མར་ཁེ་སི་རིང་ལུགས་སློབ་སྟོན་དུ་འཛིན་པ་དང་། ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་བརྟན་སྲུང་། དེང་རབས་ཀྲུང་གོའི་དོན་དངོས་ལ་རྩ་བ་འཛུགས་པ། ད་ལྟའི་དུས་རབས་ཀྱི་ཆ་རྐྱེན་དང་ཟུང་འབྲེལ་བཅས་བྱས་ཏེ་དེང་རབས་ཅན་དུ་ཁ་ཕྱོགས་པ་དང་། འཛམ་གླིང་ལ་ཁ་ཕྱོགས་པ། མ་འོངས་པར་ཁ་ཕྱོགས་པ་བཅས་དང་། མི་རིགས་དང་ཚན་རིག་དང་མང་ཚོགས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་བ་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་མཐུན་སྦྱོར་ངང་གོང་དུ་སྤེལ་བ་ཡིན། མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བ་མཐའ་འཁྱོངས་བྱེད་པ་དང་། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་མཐའ་འཁྱོངས་བྱེད་པ། གསར་སྐྲུན་རང་བཞིན་གྱིས་སྒྱུར་སྤོ་བྱེད་པ་དང་། གསར་གཏོད་རང་བཞིན་གྱིས་འཕེལ་རྒྱས་གཏོང་བ་མཐའ་འཁྱོངས་བྱས་ནས། ཀྲུང་ཧྭའི་རིག་གནས་ཀྱི་འོད་སྟོང་གསར་པ་རྒྱུན་མ་ཆད་པར་གསར་དུ་གཏོད་དགོས།

(2017ལོའི་ཟླ་10ཚེས་18ཉིན། 《ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་བླངས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་བརྩོན་ལེན་བྱེད་དགོས།》—ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་གི་སྙན་ཞུ།)

བསམ་གཏན་དོན་གྲུབ་ཀྱིས་བསྒྱུར།