གྲོང་གསེབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དེ་དུས་རབས་གསར་པའི་“ཞིང་གསུམ་”ལས་དོན་གྱི་སྤྱིའི་ལག་འཇུ་བྱེད་དགོས།

ཞི་ཅིན་ཕིང་།

གྲོང་གསེབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པས་བཏོན་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན། ང་ཚོས་བརྗོད་གཞི་འདིར་བརྟེན་ནས་ཐུན་མོང་དུ་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི་འཐབ་ཇུས་གལ་ཆེན་འདིར་གོ་བ་གཏིང་ཟབ་ལེན་པ་དང་། བསམ་ཕྱོགས་གསལ་པོ་ལེན་པ། ངོས་འཛིན་ཇེ་ཟབ་གཏོང་བ་བཅས་བྱས་ནས་ལས་དོན་ཏན་ཏིག་ངང་ལེགས་པར་བསྒྲུབ་རྒྱུ་དེ་ཡིན།

གཅིག གྲོང་གསེབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་རྒྱུ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་འབྲེལ་བ་ཡོད་པའི་ཁྱོན་ཡོངས་རང་བཞིན་དང་ལོ་རྒྱུས་རང་བཞིན་གྱི་ལས་འགན་ཞིག་ཡིན།

ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་མ་ཐུབ་ན་རྒྱལ་ཁབ་ཧྲིལ་པོ་དེང་རབས་ཅན་དུ་འགྱུར་མི་ཐུབ་ཅེས་ངས་ཐོག་མཐའ་བར་གསུམ་དུ་ནན་བཤད་བྱེད་ཀྱིན་ཡོད། དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ནང་བཟོ་ཞིང་བར་གྱི་འབྲེལ་བ་དང་། གྲོང་ཁྱེར་དང་གྲོང་རྡལ་བར་གྱི་འབྲེལ་བ་ཇི་ལྟར་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཚད་ངེས་ཅན་ཞིག་གི་ཐོག་ནས་བཤད་ན་དེང་རབས་ཅན་དུ་འགྱུར་ཐུབ་མིན་གྱི་གནད་འགག་ལའང་ཐུག་ཡོད། འཛམ་གླིང་རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་ལོ་རྒྱུས་ལ་བལྟས་ན། རྒྱལ་ཁབ་ལ་ལས་བཟོ་ཞིང་བར་གྱི་འབྲེལ་བ་དང་། གྲོང་ཁྱེར་དང་གྲོང་རྡལ་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་གཏོང་མེད་པ་དང་། ཞིང་ལས་འཕེལ་རྒྱས་དང་གྲོང་གསེབ་འཕེལ་རྒྱས་རྗེས་སུ་མི་ཆོད་པ། ཞིང་ལས་ཐོན་རྫས་མཁོ་སྤྲོད་མི་འདང་བ། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་བསྡུ་ལེན་ནུས་ལྡན་བྱེད་མི་ཐུབ་པ། ཞིང་པ་ལས་ཀ་ཤོར་བ་འབོར་ཆེན་གྲོང་ཁྱེར་གྱི་དབུལ་པོའི་སྡོད་གནས་སུ་སྐྱོད་པ། གྲོང་གསེབ་དང་གྲོང་གསེབ་ཀྱི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བ། བཟོ་ལས་ཅན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བ་དེ་དཀའ་ངལ་ཆེ་བའི་གནས་སུ་ལྷུང་བ། ཐ་ན་སྤྱི་ཚོགས་ཟིང་ཆ་སློང་ནས་མཐར་“ཡོང་འབབ་འབྲིང་གྲས་”སུ་ལྷུང་བའི་གནས་སུ་གྱར། འདིའི་ནང་གི་གཏིང་ཟབ་པའི་གནད་དོན་ནི་འགོ་ཁྲིད་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་སྒྲིག་སྲོལ་གྱི་གནད་དོན་ཡིན། རང་རྒྱལ་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། བཟོ་ཞིང་བར་གྱི་འབྲེལ་བ་དང་། གྲོང་ཁྱེར་དང་གྲོང་རྡལ་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱེད་པ་དང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ལ་བདེ་བླག་ངང་སྐུལ་འདེད་གཏོང་བའི་ནུས་པ་དང་ཆ་རྐྱེན་ལྡན་དགོས།

མིག་སྔར་རང་རྒྱལ་ནི་བཟོ་ཞིང་གི་འབྲེལ་བ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པའི་ལོ་རྒྱུས་ཀྱི་འགག་རྩར་གནས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། སྐབས་དེའི་ལོ་རྒྱུས་ཀྱི་ཆ་རྐྱེན་དང་རྒྱལ་སྤྱིའི་ཁོར་ཡུག་འོག ང་ཚོས་རང་སྟོབས་རང་སྤེལ་དང་། ཞིང་ལས་དང་གྲོང་གསེབ་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས། ཧ་ཅང་དབུལ་ཕོངས་ཀྱི་རྨང་གཞིའི་ཐོག་བཟོ་ལས་ཅན་དུ་འགྱུར་བར་སྐུལ་འདེད་བྱས་ཏེ། ཅུང་ཆ་ཚང་བའི་བཟོ་ལས་མ་ལག་དང་རྒྱལ་དམངས་དཔལ་འབྱོར་གྱི་མ་ལག་བཙུགས། སྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་བཟུང་། ང་ཚོས་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་དང་། ས་ཞིང་། མ་དངུལ་སོགས་ཀྱི་རྒྱུ་རྐྱེན་གཙོ་བོར་བརྟེན་ནས་བཟོ་ལས་ཅན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བར་མགྱོགས་སུ་སྐུལ་འདེད་བཏང་བས། གྲོང་ཁྱེར་དང་གྲོང་རྡལ་གྱི་རྣམ་པར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། རང་རྒྱལ་གྱི་རྒྱ་ཆེའི་ཞིང་པ་རྣམས་ཀྱིས་བཟོ་ལས་ཅན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བར་སྐུལ་འདེད་བྱེད་པ་ལ་བྱས་རྗེས་ཆེན་པོ་བཞག་ཡོད། བརྒྱུད་རིམ་དེའི་ནང་ཞིང་ལས་འཕེལ་རྒྱས་དང་གྲོང་གསེབ་འཛུགས་སྐྲུན་ལའང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས། རང་རྒྱལ་གྱི་སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད།

དུས་ཡུན་རིང་པོའི་ནང་ང་ཚོས་བཟོ་ཞིང་བར་གྱི་འབྲེལ་བ་དང་། གྲོང་ཁྱེར་དང་གྲོང་རྡལ་བར་གྱི་འབྲེལ་བའི་ངོས་འཛིན་ནི་རྦད་དེ་ཡང་དག་ཅིང་གྲུབ་འབྲས་ཀྱང་མངོན་གསལ་དོད་པོ་ཡིན། རང་རྒྱལ་གྱི་ཞིང་ལས་ལོ་བསྟུད་མར་ལོ་ལེགས་བྱུང་བ་དང་། ཞིང་པའི་ཡོང་འབབ་ལོ་བསྟུད་མར་འཕར་བ། གྲོང་གསེབ་སྤྱིའི་ཆ་ནས་འཆམ་མཐུན་དང་བརྟན་ལྷིང་བྱུང་ཡོད། ལྷག་པར་དུ་ཞིང་པ་ངལ་རྩོལ་པ་དུང་ཕྱུར་ཁ་ཤས་གྲོང་ཁྱེར་དང་གྲོང་རྡལ་བར་དུས་ཡུན་རིང་བ་དང་། ཁྱབ་རྒྱ་ཆེ་བ། གོ་རིམ་ལྡན་པ། ཕན་ནུས་ལྡན་པ་བཅས་ཀྱི་སྒོ་ནས་སྤོ་སྒྱུར་བྱས་པ་དེས་སྤྱི་ཚོགས་ལ་ཟིང་ཆ་མ་སློང་བ་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འདེགས་སྐྱོར་གལ་ཆེན་དུའང་གྱུར་ཡོད།

དུས་མཚུངས་སུ་བཟོ་ལས་ཅན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་བསྡུར་ན། རང་རྒྱལ་གྱི་ཞིང་ལས་དང་གྲོང་རྡལ་གྱི་འཕེལ་རྒྱས་གཏོང་བའི་གོམ་སྟབས་ད་དུང་བརྟན་པོ་མིན་པ་དང་། “རྐང་པ་གཅིག་རིང་བ། རྐང་པ་གཅིག་ཐུང་བ་”བཅས་ཀྱི་གནད་དོན་ཅུང་མངོན་གསལ་ཡིན་པ་ང་ཚོས་མཐོང་ཐུབ་དགོས། རང་རྒྱལ་གྱི་འཕེལ་རྒྱས་དོ་མི་མཉམ་པ་ཆེ་ཤོས་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་དོ་མི་མཉམ་པ་དེ་ཡིན་ལ། ཆེས་མི་འདང་ས་ནི་གྲོང་གསེབ་འཕེལ་རྒྱས་སུ་སོང་བ་མི་འདང་བ་དེ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོས་བཟོ་ཞིང་བར་གྱི་འབྲེལ་བ་དང་། གྲོང་ཁྱེར་དང་གྲོང་རྡལ་བར་གྱི་འབྲེལ་བ་ལེགས་སྒྲིག་བྱ་རྒྱུའི་སེམས་ཐག་བཅད་པ་དང་། བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་“བཟོ་ལས་ཀྱིས་ཞིང་ལས་ལ་སྐྱོང་ལན་འཇལ་བ་དང་། གྲོང་ཁྱེར་གྱིས་གྲོང་གསེབ་ལ་རྒྱབ་སྐྱོར་བྱེད་པར་”སྐུལ་འདེད་བཏང་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གྲོང་གསེབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་བཏོན་པ་དེ་ནི་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་བཟོ་ཞིང་དབར་གྱི་འབྲེལ་བ་དང་། གྲོང་ཁྱེར་དང་གྲོང་རྡལ་དབར་གྱི་འབྲེལ་བ་ཁོང་དུ་ཆུད་པ་དང་ཐག་གཅོད་བྱ་ཆེད་ཡིན།

དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ནང་གྲོང་ཁྱེར་གྱི་བསྡུར་ཚད་འཕར་བ་དང་། ཞང་གི་བསྡུར་ཚད་ཆག་པ་ནི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ཡིན་མོད། འོན་ཀྱང་རང་རྒྱལ་གྱི་མི་གྲངས་དུང་ཕྱུར་14ལ་ཉེ་བའི་རྒྱལ་ཁབ་ཀྱི་གནས་ཚུལ་འོག བཟོ་ལས་ཅན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་འཕེལ་རིམ་གང་ཞིག་ཡིན་རུང་ཞིང་ལས་འཕེལ་རྒྱས་གཏོང་དགོས་པ་དང་། གྲོང་གསེབ་ཚང་མ་མེད་པར་འགྱུར་མི་སྲིད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཡུན་རིང་མཉམ་གནས་བྱ་རྒྱུ་དེའང་ཕྱི་རོལ་ཡུལ་གྱི་ཆོས་ཉིད་རེད། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་བའི་ཚད་70%ཟིན་ནའང་གྲོང་གསེབ་ཏུ་ད་དུང་མི་གྲངས་དུང་ཕྱུར་4ལྷག་ཙམ་ཡོད། གལ་ཏེ་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ཁྲོད་གྲོང་གསེབ་ཀྱི་མི་གྲངས་དུང་ཕྱུར་4ལྷག་བསྐྱུར་ན། “ཕྱོགས་གཅིག་ནི་དར་རྒྱས་ཆེ་བའི་གྲོང་ཁྱེར་ཡིན་པ་དང་། ཕྱོགས་གཅིག་ནི་ཉམས་རྒུད་དུ་ཆགས་པའི་གྲོང་གསེབ་ཡིན་པ་”དེ་ང་ཚོའི་ཏང་གི་སྲིད་སྐྱོང་དམིགས་ཡུལ་དང་མི་མཐུན་ལ། སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ལའང་མི་མཐུན་པ་རེད། འདི་ལྟ་བུའི་དེང་རབས་ཅན་ནི་ལེགས་འགྲུབ་འབྱུང་མི་སྲིད། ལོ་40ཡི་གོང་ང་ཚོས་གྲོང་གསེབ་སྒྱུར་བཅོས་བྱས་པ་བརྒྱུད་སྒྱུར་བཅོས་སྒོ་འབྱེད་བྱེད་འགོ་ཚུགས་ཤིང་། ལོ་40རྗེས་ཀྱི་དེ་རིང་ང་ཚོས་གྲོང་གསེབ་དར་རྒྱས་གཏོང་བར་བརྟེན་ནས་གྲོང་ཁྱེར་དང་གྲོང་རྡལ་མཉམ་འདྲེས་འཕེལ་རྒྱས་དང་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་དགོས།

གཉིས། གྲོང་གསེབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་དུས་རབས་གསར་པའི་“ཞིང་གསུམ་”ལས་དོན་གྱི་སྤྱིའི་ལག་འཇུ་རུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས།

ངས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་གྲོང་གསེབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་ནང་དོན་མདོར་དྲིལ་ཏེ། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་དང་། ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་འཚོ་བཟང་། ཡུལ་སྲོལ་དཔལ་ཡོན། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་སྒོས་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་ལམ་སྲོལ་དང་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། གང་མགྱོགས་ཀྱིས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད། དེའི་ནང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ནི་གྲོང་གསེབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་སྤྱིའི་དམིགས་ཡུལ་ཡིན་པ་དང་། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་ནི་སྤྱིའི་བྱེད་ཕྱོགས་ཡིན་པ་དང་། ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་འཚོ་བཟང་། ཡུལ་སྲོལ་དཔལ་ཡོན། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ནི་སྤྱིའི་བླང་བྱ་ཡིན་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་སྒོས་འཕེལ་རྒྱས་སུ་འགྲོ་བའི་སྒྲིག་སྲོལ་ལམ་སྲོལ་དང་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་ལམ་ལུགས་ཀྱི་འགན་ལེན་ཞིག་ཡིན།

དུས་རབས་གསར་པའི་“ཞིང་གསུམ་”ལས་དོན་དེ་ངེས་པར་དུ་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བའི་སྤྱིའི་དམིགས་འབེན་འདིར་གཞིགས་ནས་སྐུལ་འདེད་གཏོང་དགོས། དུས་ཡུན་རིང་པོའི་ནང་། ལྟོ་བའི་གནད་དོན་ཐག་གཅོད་ཡག་པོ་བྱ་ཆེད་ང་ཚོས་སེམས་ཤུགས་ཆེན་པོ་བཏོན་ནས་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་བཏང་བས་དེར་ཡར་རྒྱས་ཆེན་པོ་བྱུང་ཡོད། ད་ལྟ། རྒྱལ་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་གཙོ་བོའི་རྨོ་འདེབས་བསྡུ་གསུམ་གྱི་ཕྱོགས་བསྡུས་འཕྲུལ་ཆས་ཅན་གྱི་ཆུ་ཚད་65%ལས་བརྒལ་བ་དང་། ཞིང་ལས་ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་འབུལ་ཚད་57%ལས་བརྒལ་བ། ཞིང་ལས་ཐོན་རྫས་གཙོ་བོའི་མི་རེའི་ཆ་སྙོམས་བཟུང་ཚད་འཛམ་གླིང་གི་ཆ་སྙོམས་ཆུ་ཚད་ལས་བརྒལ་བ། ཞིང་ལས་ཐོན་རྫས་མཁོ་སྤྲོད་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་བཅས་རེད། དེ་དང་བསྡུར་ནས་བཤད་ན། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་། སྤྱི་པའི་ཞབས་ཞུ། སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་ཐད་ཧེ་བག་ཧ་ཅང་ཆེན་པོ་འདུག གྲོང་གསེབ་ཀྱི་དེང་རབས་ཅན་ནང་“དངོས་པོའི་”དེང་རབས་ཅན་ཚུད་ལ། “མིའི་”དེང་རབས་ཅན་ཡང་ཚུད་པ་མ་ཟད། དེ་མིན་གྲོང་གསེབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ཡང་ཚུད་ཡོད། ང་ཚོས་ཞིང་ལས་དེང་རབས་ཅན་དང་གྲོང་གསེབ་དེང་རབས་ཅན་གཞི་གཅིག་ཅན་གྱི་ཇུས་འགོད་དང་མཉམ་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཞིང་ལས་རྒྱལ་ཁབ་ཆེན་པོ་ནས་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་ཏུ་མཆོང་སྐྱོད་ཐུབ་པར་འབད་དགོས།

ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་ནི་ཐོག་མཐའ་བར་གསུམ་དུ་“ཞིང་གསུམ་”གྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེན་དུ་འཛིན་དགོས་པ་དེ་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་“ཞིང་གསུམ་”མང་སྤྲོད་ཉུང་ལེན་འཁྲུག་གཏོང་བྱེད་དགོས་པ་ནན་བཤད་བྱས་ནའང་། ལས་ཀ་དངོས་ཀྱི་ཁྲོད་“ཞིང་གསུམ་”ལས་དོན་“བཤད་དུས་གལ་ཆེ་བ། སྒྲུབ་དུས་གལ་ཆུང་བ། བྲེལ་ཆེ་དུས་དོ་སྣང་མི་བྱེད་པ་”བཅས་ཀྱི་གནད་དོན་ད་དུང་ཅུང་འབུར་ཐོན་ཡིན། ང་ཚོས་མ་དངུལ་གཏོང་བ་དང་། རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག སྤྱི་པའི་ཞབས་ཞུ། ལས་བྱེད་པ་བཀོད་སྒྲིག་བྱེད་པ་སོགས་ཀྱི་ཐད་བྱ་ཐབས་ནུས་ལྡན་སྤྱད་དེ་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་ཞན་ཆ་གང་མགྱོགས་སུ་ཁ་སྐོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་དབར་གྱི་ཧེ་བག་ཟམ་མི་ཆད་པར་ཆུང་དུ་བཏང་སྟེ། ཞིང་ལས་ནི་མདུན་ལམ་ཡོད་པའི་ཐོན་ལས་སུ་འགྱུར་བར་བྱེད་པ་དང་། ཞིང་པ་ནི་ཡིད་དབང་འགུག་ནུས་ལྡན་པའི་ལས་རིགས་སུ་འགྱུར་བར་བྱེད་པ། གྲོང་གསེབ་ནི་བདེ་སྡོད་ལས་བརྩོན་གྱི་ཁྱིམ་གཞིས་སུ་འགྱུར་བར་བྱེད་དགོས།

ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་འཚོ་བཟང་། ཡུལ་སྲོལ་དཔལ་ཡོན། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་“ཡི་གེ་ཉི་ཤུ་”ཡི་སྤྱིའི་བླང་བྱས་གྲོང་གསེབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་ཕུན་སུམ་ཚོགས་པའི་ནང་སྙིང་མཚོན་ཡོད། དུས་རབས་འདིའི་དུས་འགོར་རང་རྒྱལ་ཉིད་སྤྱིའི་ཆ་ནས་འབྱོར་འབྲིང་མངོན་གྱུར་བྱུང་མ་ཐག་ཡིན་པས། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་མདུན་དུ་ལྷགས་ཡོད་ལ། ང་ཚོའི་ཏང་གིས་“ཐོན་སྐྱེད་གོང་འཕེལ་དང་། འཚོ་བ་འབྱོར་ཕྱུག ཡུལ་སྲོལ་དཔལ་ཡོན། གྲོང་ཚོའི་རྣམ་པ་གཙང་བ། དོ་དམ་དམངས་གཙོ་”བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་སྤྱིའི་བླང་བྱ་བཏོན་པ་དེ་ནི་སྐབས་དེའི་དངོས་ཡོད་ཀྱི་གནས་ཚུལ་དང་མཐུན། ད་ལྟ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་ཞིང་ལས་ཀྱི་འགལ་བ་གཙོ་བོ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པས། རྒྱ་ཆེའི་ཞིང་པ་མང་ཚོགས་ལ་སྔར་ལས་མཐོ་བའི་རེ་སྒུག་ཡོད་པ་དང་། ཞིང་ལས་དང་གྲོང་གསེབ་ཀྱི་འཕེལ་རྒྱས་ལ་སྔར་ལས་མཐོ་བའི་བླང་བྱ་འདོན་དགོས། ཐོན་ལས་དར་རྒྱས་སུ་གཏོང་བ་ནི་གྲོང་གསེབ་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་། “ཐོན་སྐྱེད་འཕེལ་རྒྱས་”ནས“ཐོན་ལས་དར་རྒྱས་”སུ་འགྱུར་ལྡོག་བྱུང་བ་དེས། ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་དེ་ཚོང་རའི་དགོས་མཁོའི་འགྱུར་བར་བསྟུན་པ་དང་། ལེགས་འགྱུར་རིམ་སྤོར་མགྱོགས་སུ་གཏོང་བ། ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་གསར་པ་མཚོན་ཡོད། སྐྱེ་ཁམས་འཚོ་གནས་བཟང་བ་ནི་གྲོང་གསེབ་དར་རྒྱས་ཀྱི་ནང་གནས་བླང་བྱ་ཡིན་པ་དང་། “གྲོང་ཚོའི་རྣམ་པ་གཙང་ཞིང་གྲལ་འགྲིག་པ་”ནས་“སྐྱེ་ཁམས་འཚོ་གནས་བཟང་བར་”འགྱུར་ལྡོག་བྱུང་བ་དེས། གྲོང་གསེབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཚོན་པ་དང་། རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པའི་རེ་སྙེག་ཀྱང་མཚོན། ཡུལ་སྲོལ་དཔལ་ཡོན་འཛུགས་སྐྱོང་བྱེད་པ་ནི་གྲོང་གསེབ་དར་རྒྱས་སུ་འགྲོ་བའི་ཁ་ཚ་དགོས་གཏུག་གི་ལས་འགན་ཡིན་ཞིང་། དེའི་གནད་གཙོ་བོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྱབ་སྤེལ་གཏོང་བ་དང་། གྲོང་གསེབ་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པ། གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གོམས་སྲོལ་སྒྱུར་བ། ཞིང་པའི་བསམ་པའི་ཉམས་འགྱུར་ལེགས་སུ་གཏོང་བ། གྲོང་གསེབ་ཀྱི་སྤྱི་ཚོགས་ཤེས་དཔལ་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། བཅོས་སྐྱོང་ནུས་ལྡན་ནི་གྲོང་གསེབ་དར་རྒྱས་སུ་འགྲོ་བའི་འགན་ལེན་གལ་ཆེན་ཡིན་ལ། “དོ་དམ་དམངས་གཙོ་”ནས“བཅོས་སྐྱོང་ནུས་ལྡན་”དུ་གཏོང་བ་ནི། གྲོང་གསེབ་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་ཆུ་ཚད་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། གྲོང་གསེབ་ལ་གསོན་ཤུགས་ལྡན་ལ་ཞི་མཐུན་དང་སྒྲིག་ལམ་ལྡན་པ་ཞིག་ཡོང་བར་བྱེད་རྒྱུ་དེ་ཡིན། འཚོ་བ་འབྱོར་ཕྱུག་ཡོང་བ་བྱ་རྒྱུ་ནི་གྲོང་གསེབ་དར་རྒྱས་ཀྱི་དམིགས་ཡུལ་གཙོ་བོ་ཡིན་པ་དང་། “འཚོ་བ་ཕྱུག་པོ་ཆགས་པ་”ནས“འཚོ་བ་འབྱོར་ཕྱུག་ལྡན་པར་”ཆགས་པ་དེས། རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་དགོས་མཁོ་མཚོན་ཡོད།

དེ་ལས་ང་ཚོས་ཤེས་ཐུབ་པ་ནི། གྲོང་གསེབ་དར་རྒྱས་ནི་ཐོན་ལས་དར་རྒྱས་དང་། ཤེས་ལྡན་མི་སྣ་དར་རྒྱས། རིག་གནས་དར་རྒྱས། སྐྱེ་ཁམས་དར་རྒྱས། རྩ་འཛུགས་དར་རྒྱས་བཅས་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བ་ཞིག་དང་། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་སྒྲིག་དང་“ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་བཀོད་སྒྲིག་དེ་“ཞིང་གསུམ་”ལས་དོན་ཁྲོད་ཀྱི་མཚོན་ཚུལ་ཞིག་ཡིན་པ་མཐོང་ཐུབ། ང་ཚོས་གྲོང་གསེབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཏང་གི་འཛུགས་སྐྲུན་བཅས་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་སྟེ། ཞིང་ལས་ཕྱོགས་ཡོངས་ནས་རིམ་པ་སྤར་བ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བ། ཞིང་པ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་བཅས་བྱེད་དགོས།

གསུམ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་གྲོང་གསེབ་འཕེལ་རྒྱས་གཏོང་བའི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་དགོས།

གྲོང་གསེབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར་ཐོག་མར་ཆོས་ཉིད་ལྟར་བྱ་བ་བསྒྲུབ་དགོས། མི་གྲངས་དུང་ཕྱུར་14ལ་ཉེ་བའི་རྒྱལ་ཁབ་ཆེན་པོ་ཞིག་ལ་མཚོན་ན། གྲོང་གསེབ་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ནི་སྔར་བྱུང་མ་མྱོང་བ་དང་། རྗེས་སུ་འབྱུང་མི་སྲིད་པའི་གསར་གཏོད་རླབས་པོ་ཆེ་ཞིག་ཡིན་པས། ད་ཡོད་དང་འདྲ་བཤུས་འདྲ་སྤོས་བྱས་ཆོག་པའི་ཉམས་མྱོང་མེད། རང་རྒྱལ་གྱི་གྲོང་གསེབ་འཕེལ་རྒྱས་གཏོང་བའི་བགྲོད་ལམ་དུ་ཇི་ལྟར་བསྐྱོད་པར་ང་ཚོས་རང་ཉིད་ལ་བརྟེན་ནས་འཚོལ་ཞིབ་བྱེད་དགོས།

རང་རྒྱལ་གྱི་མི་མང་ལ་ས་ཞིང་ཉུང་བའི་འགལ་བ་ཧ་ཅང་འབུར་ཐོན་ཡིན་པ་དང་། དུད་ཚང་ཆ་སྙོམས་ཀྱི་རྨོ་ཞིང་གཞི་ཁྱོན་ནི་ཡོ་རོབ་མནའ་འབྲེལ་གྱི་བཞི་བཅུའི་ཆ་གཅིག་དང་ཨ་མེ་རི་ཁའི་བརྒྱ་ཕྲག་བཞིའི་ཆ་གཅིག་དང་མཚུངས། “མི་རེར་ཆ་སྙོམས་ས་ཞིང་མུའུ་རེ་ཡོད་པ་དང་དུད་ཚང་རེར་ཆ་སྙོམས་ས་ཞིང་མུའུ་10ལས་མེད་པ་”ནི་རང་རྒྱལ་གྱི་ས་གནས་མང་པོའི་ཞིང་ལས་ཀྱི་མཚོན་ཚུལ་ངོ་མ་ཞིག་རེད། ཐོན་ཁུངས་འདི་ལྟ་བུས་ང་ཚོའི་ས་གནས་ཚང་མས་ཡོ་རོབ་དང་ཨ་རི་ལྟར་གཞི་ཁྱོན་ཆེ་བའི་ཞིང་ལས་དང་འཕྲུལ་ཆས་ཆེན་པོའི་ལས་ཀ་བྱེད་མི་སྲིད་པ་ཐག་གིས་བཅད། ས་ཁུལ་མང་ཆེ་བས་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་བརྒྱུད་ནས་ཞིང་དུད་དང་དེང་རབས་ཞིང་ལས་འཕེལ་རྒྱས་སྦྲེལ་མཐུད་དམ་ཟབ་ཡོང་བ་བྱེད་དགོས། དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་། ཞིང་པའི་མཉམ་ལས་ཁང་དང་ཁྱིམ་ཚང་ཞིང་ར་རིགས་གཉིས་ཀྱི་ཞིང་ལས་གཉེར་སྐྱོང་བྱེད་པོ་འཕེལ་རྒྱས་གཏོང་རྒྱུ་གཙོ་གནད་དུ་བཟུང་བ་དམ་འཛིན་ཡག་པོ་བྱས་ཏེ། གཉེར་སྐྱོང་སྒྲིག་གཞི་ཉིས་བརྩེགས་ལ་ནང་དོན་གསར་པ་བསྣན་ནས་ཞིང་ལས་གཉེར་སྐྱོང་གི་ལས་ཆོད་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

རང་རྒྱལ་གྱི་རྨོ་འདེབས་ཤེས་རིག་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ལ་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡིན་པ་མ་ཟད། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྩ་བའང་ཡིན། རང་རྒྱལ་གྱི་གྲོང་ཚོ་མང་པོ་ཞིག་ལ་ལོ་ངོ་བརྒྱ་ཕྲག་ཁ་ཤས་དང་ཐ་ན་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་ཅིང་། ད་ལྟའང་མ་ཉམས་འཐུས་ཚང་དུ་གནས། ཡུལ་སྲོལ་གོམས་གཤིས་དང་གྲོང་སྲོལ་དམངས་ཆིངས་སོགས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྒྱུ་ཟབ་མོ་ལྡན་པས་ད་ལྟའང་སྔར་བཞིན་ནུས་པ་གལ་ཆེན་འདོན་བཞིན་ཡོད། རང་སྐྱོང་དང་ཁྲིམས་སྐྱོང་ལག་བསྟར་བྱེད་པ་དང་དུས་མཚུངས་སུ་ཀུན་སྤྱོད་ལ་བརྟེན་ནས་བཅོས་སྐྱོང་བྱེད་པའི་ནུས་པ་འདོན་སྤེལ་ཡག་པོ་བྱ་རྒྱུར་སྣང་ཆེན་བྱས་ཏེ། གུས་ལུགས་ཀྱི་རྒྱལ་ཁབ་དང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས། ཁྲིམས་སྐྱོང་གི་སྤྱི་ཚོགས་བཅས་འཛུགས་སྐྱོང་བྱ་རྒྱུར་གཅིག་ལ་གཅིག་བརྟེན་ཡོང་བར་སྐུལ་འདེད་གཏོང་དགོས། དེའི་ཐད་ཀྱི་འཚོལ་ཞིབ་དང་གསར་གཏོད་མུ་མཐུད་ནས་བྱ་དགོས་པར་མ་ཟད། རྒྱུན་ཆད་མེད་པར་ཕྱོགས་སྡོམ་དང་ཁྱབ་སྤེལ་བྱེད་དགོས།

གྲོང་གསེབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་ལས་དོན་ཆེན་པོ་འདི་ཡག་པོ་བསྒྲུབ་དགོས་ན་ངེས་པར་དུ་གྲོང་ཁྱེར་དང་གྲོང་རྡལ་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས། ང་ཚོས་ཐོག་མ་ཉིད་ནས་གྲོང་ཁྱེར་ཅན་འཛུགས་སྐྲུན་བྱ་དགོས་ཞེས་བཏོན་མེད་པར། གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་བྱ་དགོས་ཞེས་བཏོན་པའི་དམིགས་ཡུལ་ནི་གྲོང་ཁྱེར་དང་གྲོང་རྡལ་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། སྒྱུར་བཅོས་ལ་སྒུལ་ཤུགས་ཡོད་དགོས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་དང་སྲིད་ཇུས་མ་ལག་མགྱོགས་སུ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། སྣ་མང་དངུལ་འཇོག་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མ་དངུལ་འཇོག་གྲངས་མང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་བྱེད་ཚད་མགྱོགས་སུ་གཏོང་བ། ཤེས་ལྡན་མི་སྣ་དང་། ས་ཞིང་། མ་རྩ་སོགས་རྒྱུ་རྐྱེན་གཙོ་བོ་གྲོང་ཁྱེར་དང་གྲོང་རྡལ་བར་ཕྱོགས་གཉིས་སུ་འཁོར་རྒྱུག་བྱེད་པར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་པའི་ཞབས་ཞུ་གྲོང་གསེབ་ཏུ་སྣུར་སྲིང་དང་སྤྱི་ཚོགས་བྱ་གཞག་གྲོང་གསེབ་ཏུ་ཁྱབ་པར་བྱེད་དགོས། ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་བྱེད་པ་གཏིང་ཇེ་ཟབ་ཏུ་གཏོང་བ་དང་། རྒྱུན་སྡོད་མི་སྣའི་གཞི་རྩའི་སྤྱི་པའི་ཞབས་ཞུར་ཤུགས་སྣོན་རྒྱག་པ། གྲོང་ཁྱེར་དུ་གཞིས་ཆགས་པའི་ཞིང་པའི་ས་ཞིང་འགན་གཙང་ལེན་བྱེད་དབང་དང་། ཁང་ས་སྤྱོད་དབང་། མཉམ་སྡེབ་བགོ་བཤའ་བྱེད་དབང་བཅས་སྲུང་སྐྱོང་བྱས་ཏེ། ཞིང་ལས་ཀྱི་སྤོ་སྒྱུར་མི་འབོར་གྲོང་མི་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་བ་བྱེད་དགོས།

དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་རྒྱུ་ནི་གྲོང་གསེབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་ཐོག་མའི་ལས་འགན་ཡིན། གྲོང་ཚོ་དབུལ་པོ་དང་དེ་གནས་སའི་རྫོང་དང་ཤང་གི་མིག་སྔའི་ལས་དོན་གྱི་གཙོ་གནད་ནི་དབུལ་ཐར་འགག་སྒྲོལ་བྱ་རྒྱུ་དེ་ཡིན་པ་དང་། དམིགས་ཡུལ་མི་འགྱུར་བ་དང་། དམིགས་ས་མི་ཉམས་པ། འཕྲིན་ལམ་མི་བརྗེ་བ་བཅས་རེད། 2020ལོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྗེས། ང་ཚོས་དབུལ་ཕོངས་མཐའ་གཅིག་ཏུ་སེལ་ཐུབ་མོད། འོན་ཀྱང་བལྟོས་བཅས་སྒོས་དབུལ་ཕོངས་སྔར་བཞིན་དུས་ཡུན་རིང་པོར་གནས་ངེས། སྐབས་དེ་དུས། ད་ལྟ་དབུལ་པོ་དབུལ་རྐྱང་ལ་དམིགས་པའི་དབུལ་ཐར་འགག་སྒྲོལ་བྱེད་ཐབས་དེ་བལྟོས་བཅས་སྒོས་དབུལ་པོ་ལ་དམིགས་པའི་རྒྱུན་གཏན་རང་བཞིན་གྱི་རོགས་སྐྱོར་བྱེད་ཐབས་སུ་རིམ་བཞིན་ལེགས་སྒྲིག་བྱེད་དགོས་པར་མ་ཟད། གྲོང་གསེབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་སྒྲོམ་གཞིའི་འོག་སྤྱི་འདོམས་བཀོད་སྒྲིག་བྱེད་དགོས་ལ། གནད་དོན་འདི་ཇུས་འགོད་དང་སྔ་ཙམ་ནས་བསམ་བློ་གཏོང་དགོས།

བཞི། གྲོང་གསེབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་ཆེད་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་བྱེད་དགོས།

གྲོང་གསེབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བར་རིམ་ཁག་ཏང་ཨུ་དང་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཡོངས་ཀྱི་གོང་འོག་དང་སྤྱི་ཚོགས་ཕྱོགས་ཁག་གི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས། གྲོང་གསེབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་ཆབ་སྲིད་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། གྲོང་གསེབ་ཀྱི་ས་ཞིང་ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་ངོ་བོ་མཐའ་འཁྱོངས་དང་མཉམ་སྡེབ་དཔལ་འབྱོར་གསར་པ་འཕེལ་རྒྱས་བཏང་ནས་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་དགོས། གྲོང་གསེབ་ཀྱི་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གྲོང་གསེབ་ཀྱི་ཏང་རྩ་འཛུགས་འཛུགས་སྐྱོང་ཡག་པོ་བྱེད་པ། འགོ་ཁྲིད་ཚན་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཉམས་ཞན་གྲོང་ཚོས་ཏང་ཀྲི་པུའི་སྣེ་ཁྲིད་ལ་བརྟེན་ནས་རྣམ་པ་གསར་གཏོད་དང་། ཕྱུག་པོའི་གྲོང་ཚོས་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་ལ་བརྟེན་ནས་སྔར་ལས་གོང་འཕེལ་དུ་གཏོང་དགོས། ཤེས་ལྡན་མི་སྣ་དར་རྒྱས་གཏོང་རྒྱུ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་རྨང་གཞི་ཡིན་པས། གྲོང་གསེབ་ཀྱི་ཤེས་ལྡན་མི་སྣའི་ལས་ཀའི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་པ་དང་། གྲོང་གསེབ་ཀྱི་ད་ཡོད་ཤེས་ལྡན་མི་སྣའི་གསོན་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་ཁྱེར་གྱི་ཤེས་ལྡན་མི་སྣ་སྔར་ལས་མང་བ་གྲོང་གསེབ་ཏུ་ཁྲིད་དེ་གསར་གཏོད་ལས་སྐྲུན་བྱེད་དགོས།

གྲོང་གསེབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་རིང་གཤམ་གསལ་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་རྒྱུར་དོ་སྣང་བྱེད་དགོས།

དང་པོ། ཡུན་རིང་དམིགས་འབེན་དང་དུས་ཐུང་དམིགས་འབེན་བར་གྱི་འབྲེལ་བ། གྲོང་གསེབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་ནི་དུས་ཡུན་རིང་ཞིང་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་ཡིན་པས། གྲོང་གསེབ་འཛུགས་སྐྲུན་གྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ་དང་། ཕུགས་ལ་དམིགས་ཏེ་ཇུས་གཞི་འདིང་བ་དང་། ཚན་རིག་དང་མཐུན་པའི་འཆར་འགོད་དང་། སྤུས་ཚད་ལ་མཐོང་ཆེན། འཛུགས་སྐྲུན་ལྷུག་པོར་བྱེད་པ་བཅས་མཐའ་འཁྱོངས་བྱེད་དགོས། དུས་མཚམས་ཀྱི་ལས་འགན་ལ་དམིགས་པ་དང་། འགག་གནད་སྒྲོལ་ས་གནད་ལ་འཁེལ་བ། གོ་རིམ་ལྟར་ལས་ཀ་རེ་རེ་བཞིན་བསྒྲུབ་དགོས་པ་དང་། ལོ་ནས་ལོ་མཐུད་དེ་བསྟུད་མར་སྒྲུབ་པ་དང་བརྩོན་འགྲུས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁ་ཆུང་ངུ་བསགས་ནས་གྲུབ་འབྲས་ཆེན་པོ་ཐོབ་པ་བྱེད་དགོས། ལོ་རྒྱུས་ཀྱི་བཟོད་སེམས་འདང་ངེས་ཤིག་ཡོད་དགོས་པ་དང་། འབྱུང་སྲིད་པའི་གནད་དོན་སྣ་ཚོགས་སྔོན་ལ་བསམ་བློ་གཏོང་དགོས་པ་ལས། ཆེ་འདོད་མྱུར་རྔམ་དང་རླུང་སྲོལ་ལྟར་ལས་འགུལ་སྤེལ་བ་དང་། འཁྱོག་ལམ་དུ་འགྲོ་བར་སྔོན་འགོག་བྱེད་དགོས།

གཉིས་པ། རྩེ་རིམ་ཇུས་འགོད་དང་གཞི་རིམ་འཚོལ་ཞིབ་བར་གྱི་འབྲེལ་བ། ཏང་ཀྲུང་དབྱང་གིས་གྲོང་གསེབ་འཕེལ་རྒྱས་གཏོང་བའི་རྩེ་རིམ་ཇུས་འགོད་ཁ་གསལ་བཟོས་པ་དང་། ས་གནས་ཁག་གིས་དོན་འཁྱོལ་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། རང་ཉིད་ཀྱི་དོན་དངོས་དང་མཐུན་པའི་ལག་བསྟར་ཇུས་གཞི་བཟོ་དགོས། གྲོང་ཚོའི་འཆར་གཞི་བཟོ་འགོད་བྱེད་སྐབས་སྟབས་བདེའི་ངང་གྲོང་ཁྱེར་དང་གྲོང་རྡལ་གྱི་འཆར་གཞི་འདྲ་སྤོས་བྱེད་མི་རུང་ལ། མ་དབྱིབས་གཅིག་དེ་མ་དབྱིབས་གཞན་ཞིག་ལ་སྦྱོར་བ་དེ་བས་ཀྱང་བྱེད་མི་རུང་། ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་གསེབ་ཀྱི་ཁྱད་པར་རང་བཞིན་ཁོང་དུ་ཆུད་པར་བྱེད་པ་དང་། གྲོང་ཚོའི་བབ་དང་བསྟུན་པ། སྲིད་ཇུས་གནད་ལ་འཁེལ་བ་བྱས་ཏེ་རང་རང་སོ་སོའི་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོ་གསར་པ་དང་ཁྱིམ་གཞིས་དྲོན་མོ་བསྐྲུན་དགོས། ཞིང་པ་དུང་ཕྱུར་གྱི་གཙོ་གཞིའི་ནུས་པ་དང་གསར་གཏོད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཁོང་ཚོའི་བརྩོན་སེམས་དང་རང་འགུལ་གྱི་རང་བཞིན། གསར་གཏོད་ཀྱི་རང་བཞིན་བཅས་ལ་སྐུལ་སློང་བྱེད་དགོས་པར་མ་ཟད། གཞི་རིམ་གྱི་ལག་ལེན་གསར་གཏོད་ལ་ཕྱོགས་སྡོམ་བྱེད་མཁས་པོ་བྱས་ནས་རྩེ་རིམ་ཇུས་འགོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས།

གསུམ་པ། ཚོང་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་སྲིད་གཞུང་གི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱེད་པའི་བར་གྱི་འབྲེལ་བ། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་བཅིངས་འགྲོལ་གཏོང་བ་དང་། རེས་སྐོར་གསར་པའི་གྲོང་གསེབ་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་གཏིང་རིམ་འགལ་བ་ནས་འགོ་ཚུགས་ཏེ། ཞིང་པ་དང་ས་ཞིང་བར་གྱི་འབྲེལ་བ་དང་། ཞིང་པ་དང་ཐུན་མོང་བར་གྱི་འབྲེལ་བ། ཞིང་པ་དང་གྲོང་མིའི་བར་གྱི་འབྲེལ་བ་བཅས་ལ་གཞིགས་ནས། གྲོང་གསེབ་ཀྱི་ཐོན་དབང་ཁ་གསལ་ཅན་དུ་འགྱུར་བ་དང་། གྲོང་གསེབ་ཀྱི་རྒྱུ་རྐྱེན་གཙོ་བོ་ཚོང་ར་ཅན་དུ་འགྱུར་བ། ཞིང་ལས་ཀྱི་རྒྱབ་སྐྱོར་ནུས་མཐོ་ཅན་དུ་འགྱུར་བ། གྲོང་གསེབ་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྩ་འཛུགས་ཅན་གྱི་ཚད་ཇེ་མཐོར་གཏོང་བ་དང་། གྲོང་གསེབ་འཕེལ་རྒྱས་གཏོང་བའི་ནང་གནས་ཀྱི་སྒུལ་ཤུགས་འཕེལ་བར་བྱེད་དགོས། ཚོང་རའི་དགོས་མཁོ་ཕྱོགས་སྟོན་དུ་བྱས་ཏེ་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། ཞིང་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་དང་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གྲོང་གསེབ་ཀྱི་གསར་གཏོད་ལས་གཏོད་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་། གྲོང་གསེབ་ཀྱི་དཔལ་འབྱོར་སྒོ་འབྱེད་པ་དང་ལྷུག་གཏོང་བྱེད་པ། གྲོང་གསེབ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བཅས་བྱེད་དགོས། འཆར་འགོད་ཁྲིད་སྟོན་དང་། སྲིད་ཇུས་རྒྱབ་སྐྱོར། ཚོང་རར་ལྟ་སྐུལ་དོ་དམ། ཁྲིམས་སྐྱོང་འགན་སྲུང་ལ་སོགས་པའི་ཐད་ཀྱི་སྲིད་གཞུང་གི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས། གྲོང་གསེབ་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དེ་བྱེད་ཐེངས་གཅིག་ལ་འགྲུབ་མི་ཐུབ་པར་མ་ཟད། ད་དུང་སྡུག་བསྔལ་དང་ཐ་ན་རིན་དོད་ཀྱང་ཁ་ཤས་གཏོང་སྲིད་མོད། འོན་ཀྱང་ཁ་ཕྱོགས་ཀྱི་གནད་དོན་ཐད་ལ་ནོར་འཛོལ་ཆེན་པོ་འབྱུང་མི་རུང་། ངས་ཐོག་མཐའ་བར་གསུམ་དུ་གནད་ཅིག་ནན་བཤད་བྱེད་པ་ནི་གྲོང་གསེབ་ཀྱི་སྒྱུར་བཅོས་ཇི་ལྟར་བྱས་རུང་། གྲོང་གསེབ་ཀྱི་ས་ཞིང་ཐུན་མོང་ལ་དབང་བའི་ལམ་ལུགས་རྩ་བརླག་ཏུ་གཏོང་བ་དང་། རྨོ་ཞིང་ཉུང་དུ་གཏོང་བ། འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཞན་དུ་གཏོང་བ། ཞིང་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བ་བཅས་བྱེད་མི་རུང་བ་དེ་ཡིན། མ་མཐའི་ཚད་ཐིག་དེ་དག་ངེས་པར་དུ་བརྟན་སྲུང་བྱེད་དགོས་པ་ལས་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་གཏན་ནས་ཤོར་མི་རུང་།

བཞི་པ། མང་ཚོགས་ཀྱི་ཐོབ་སྣང་ཇེ་མཐོར་གཏོང་བ་དང་འཕེལ་རྒྱས་ཀྱི་དུས་མཚམས་དང་འཚམ་པའི་བར་གྱི་འབྲེལ་བ། ཞིང་པ་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་དང་ཐད་ཀར་འབྲེལ་བ་ཡོད་པ། ཆེས་དངོས་ཡོད་ཀྱི་ཁེ་ཕན་དང་འབྲེལ་བའི་གནད་དོན་ལ་དམིགས་ཏེ། ཞིང་གྲོང་གི་འཕེལ་རྒྱས་དང་དམངས་འཚོའི་ཞན་ཆ་ཁ་གསབ་ཇེ་མགྱོགས་སུ་བཏང་ནས་ཞིང་པ་དུང་ཕྱུར་ལྷག་ལ་དོན་དམ་པའི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཇེ་མཐོར་གཏོང་དགོས། ནོར་སྲིད་གཏོང་ཡོང་གི་གནས་ཚུལ་དང་། ཐུན་མོང་དཔལ་འབྱོར་གྱི་དངོས་ཡོད་སྟོབས་ཤུགས། མང་ཚོགས་ཀྱི་ཐེག་ནུས་བཅས་ལ་ཚན་རིག་དང་མཐུན་པའི་དཔྱད་དཔོག་བྱས་ཏེ། མ་དངུལ་འཇོག་གྲངས་དང་། མ་དངུལ་གྲབས་གསོག་གི་ཐབས་ལམ། བུ་ལོན་ཟུག་ཚད་བཅས་གཏན་འཁེལ་ལུགས་མཐུན་བཟོས་པ་དང་། དུས་རིམ་རང་བཞིན་གྱི་དམིགས་ཚད་ལས་འགན་དང་ལས་ཀའི་གཙོ་གནད་ལུགས་མཐུན་བཟོས་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཕུགས་ཕན་ལམ་སྲོལ་ཆགས་པར་བྱེད་དགོས། ནུས་ཤུགས་གང་ཡོད་འདོན་པ་དང་རང་གི་ནུས་པ་དང་མཐུན་པའི་ལས་ཀ་བསྒྲུབ་པ་ལས། འཕེལ་རྒྱས་ཀྱི་རིམ་པ་ལས་བརྒལ་བ་དང་དངོས་ཡོད་ཀྱི་དམིགས་འབེན་ལས་བརྒལ་བ་བགྱི་མི་རུང་ལ། ཕྱི་ཚུལ་རིང་ལུགས་དང་“རྣམ་པ་ཅན་གྱི་ལས་གྲྭ་”ནི་དེ་བས་ཀྱང་སྤེལ་མི་རུང་།

བསམ་གཏན་དོན་གྲུབ་ཀྱིས་བསྒྱུར།