ཐོན་མི་སམ་བྷོ་ཊའི་འཁྲུངས་ཡུལ་ལ་མཇལ་བ།

ཐོན་མི་སམ་བྷོ་ཊའི་འཇིམ་སྐུ།

མི་དམངས་དྲ་བའི་འཕྲིན། སྡོང་རྒན་གནམ་ལ་ཟུག་ཅིང་། ཆུ་ཕྲན་དལ་བུར་རྒྱུ་ལ། བྱ་དང་བྱེའུ་སྐད་སྙན་སྒྲོག་པའི་རི་ཁུལ་ཏུ་གོམ་ཁ་དལ་མོ་བྱས་ནས་གནའ་བོའི་གྲོང་ཚོའི་གདོད་མའི་རང་བྱུང་གི་མཛེས་ལྗོངས་ལ་ལྟད་མོ་བལྟས། ཐོན་མདའ་གྲོང་ཚོ་ནི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྙེ་མོང་རྫོང་ཐོན་པ་ཤང་དུ་ཆགས་ཤིང་། གཞུང་ལམ་318ལ་གཤིབ་ནས་ཡོད། ཐོན་ཆུ་ནི་གྲོང་ཚོ་ཡོངས་སུ་བརྒྱུད་ཅིང་། གྲོང་ཚོ་དང་ཆུ་བོ་ནི་སྡོང་བོའི་ཡལ་ག་དང་ལོ་མ་བཞིན་གཅིག་ལ་གཅིག་བརྟེན་གྱིས་སྦྲེལ་ཡོད། ཐོན་ཆུ་དེད་ནས་སྟོད་ལ་སོང་ཚེ་སྐལ་བཟང་མེ་ཏོག་དང་མ་ཎིའི་རྡོ་ཡི་གསེབ་ཏུ་ཐོན་མི་སམ་བྷོ་ཊའི་འཁྲུངས་གཞིས་མིག་ལམ་དུ་གསལ་ལྷང་ངེར་ཤར་བྱུང་།

ཐོན་མདའ་གྲོང་ཚོའི་ལམ་ངོགས་གཉིས་ཀྱི་མ་ཎའི་རྡོ་དང་སྐལ་བཟང་མེ་ཏོག

ལོ་རྒྱུས་ཐོག་ཐོན་མི་སམ་བྷོ་ཊ་ནི་བོད་བཙན་པོའི་དུས་སྐབས་སུ་དབང་གྲགས་ཆེ་བའི་ཁྱིམ་ཚང་ཞིག་ཏུ་འཁྲུངས་བའི་སྐྱེས་བུ་དམ་པ་ཞིག་ཡིན་ཞིང་། བཙན་པོ་སྲོང་བཙན་སྒམ་པོའི་མཛངས་བློན་གྱི་གྲས་ཤིག་ཀྱང་ཡིན། ཐོན་མི་སམ་བྷོ་ཊ་སྐུ་ན་གཞོན་དུས་སུ་བོད་ཀྱི་ན་གཞོན་སྤྱང་གྲུང་ལྡན་པ་16དང་མཉམ་དུ་བཙན་པོའི་བཀའ་དང་དུ་བླངས་ནས་རྒྱ་གར་དུ་སློབ་སྦྱོང་ལ་ཕེབས། རྒྱ་གར་གྱི་མཁས་པ་ཆེན་པོ་སློབ་དཔོན་དུ་བསྟེན་ཏེ་ཡིག་རིགས་དུ་མར་མཁས་པར་སྦྱངས་ཤིང་ཕྱིར་བོད་དུ་ཕེབས་ནས་བོད་ཡིག་གསར་བཟོ་མཛད་པ་དང་བརྡ་སྤྲོད་པའི་བསྟན་བཅོས་མཛད་པ་སོགས་རླབས་ཆེན་གྱི་ཕྱག་རྗེས་མང་པོ་བཞག 

བོད་ཡིག་གསར་བཟོ་མཛད་པ་དེས་བོད་མི་རིགས་ཀྱི་ལོ་རྒྱུས་ཡི་གེའི་ལམ་ནས་རྒྱུན་འཛིན་བྱས་ཐུབ་ཅིང་། བོད་མི་རིགས་ཀྱི་ཚེ་སྲོག་གི་ནུས་ཤུགས་དང་མཐུན་སྒྲིལ་གྱི་སྟོབས་ཤུགས་ཇེ་ཆེར་བཏང་ཡོད་ལ། བོད་བཙན་པོའི་སྲིད་སྐྱོང་དང་ཉེ་འཁོར་གྱི་མི་རིགས་སོ་སོའི་བར་འགྲོ་འོང་དང་། ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་འཕེལ་རྒྱས་ཐད་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། དེང་སང་། ཐོན་མི་སམ་བྷོ་ཊའི་འཁྲུངས་གཞིས་ཉེ་འཁོར་གྱི་ལམ་འགྲམ་གྱི་རྡོ་ངོར་ཀུན་གྱིས་བོད་ཡིག་བརྐོས་ནས་སྐྱེས་བུ་དམ་པ་ཁོང་ལ་རྗེས་དྲན་ཞུས་ཡོད། 

ཐོན་ཆུ།

ཞིག་གསོ་བྱེད་བཞིན་པའི་ཐོན་མི་སམ་བྷོ་ཊའི་གནའ་ཤུལ།

ཐོན་མི་སམ་བྷོ་ཊ་རང་ཉིད་འཁྲུངས་ཡུལ་སྙེ་མོ་རྫོང་ཐོན་པ་ཤང་དུ་ཕྱིར་ལོག་རྗེས། ཐོན་པ་ཤང་གི་ཕུན་སུམ་ཚོགས་པའི་ཐོན་ཆུའི་ནུས་ཁུངས་ལ་བརྟེན་ཏེ། ཁོང་གིས་ཤིང་གི་ཆུ་འཁོར་བཟོས་ཤིང་ཤུག་པ་འཐག་ནས་ཕྱེ་མར་བཏང་བ་དང་། བོད་སྨན་གྱི་རྫས་མང་པོ་བསྣན་ནས་ད་ལྟ་ཕྱོགས་བཞི་མཚམས་བརྒྱད་ལ་སྐད་གྲགས་ཆེ་བའི་སྙེ་མོའི་བདུག་སྤོས་བཟོས་པ་རེད། དེང་གི་ཐོན་ཆུའི་འགྲམ་དུ་སྔར་བཞིན་ཆུ་འཁོར་གྱི་འཁྲིས་སུ་འཐག་ཟིན་པའི་ཤུག་འདམ་མཐོང་ཐུབ། ཤུག་འདམ་ཉི་མར་བསྐམ་རྗེས་བདུག་སྤོས་བཟོ་བའི་རྒྱུ་ཆར་གྱུར་བ་རེད།

ཆུ་བོ་དལ་གྱིས་རྒྱུ་ཞིང་། ལོ་རྒྱུས་རིང་པོའི་ཁྲོད་དུ་ཆུ་འཐག་སྔར་བཞིན་འཁོར་རྒྱུན་ཆད་མྱོང་མེད། བདུག་སྤོས་ཀྱི་དྲི་བསུང་གངས་ལྗོངས་ཀྱི་ཡུལ་གྲུ་ཀུན་ལ་ཁྱབ་ཅིང་། བོད་ཡིག་གསར་གཏོད་བྱུང་བ་ལས་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཐུབ་པས། ཐོན་མི་སམ་བྷོ་ཊའི་བླ་ན་མེད་པའི་མཛད་རྗེས་ཇི་སྲིད་བར་དུ་གནས་ཡོད།