ཞིང་ཆེན་རིམ་པའི་གཟན་རྩའི་སྟེགས་བུ་ཡིས་ཧུར་ཐག་སྒོས་རྒྱལ་ཁབ་ཀྱི་ཐོན་ལས་ལག་རྩལ་མ་ལག་ལ་མཐུད་སྦྲེལ་བྱས་པ།

— ཆེད་མཁས་ཞབས་ཞུའི་ཚོགས་པ་རང་ཞིང་གི“ས་ཁུལ་གསུམ་དང་ཁུལ་གསུམ”དུ་བསྐྱོད་དེ་ཐོན་ལས་དབུལ་སྐྱོར་གསར་སྤེལ་གྱི་བརྟག་དཔྱད་ཞིབ་འཇུག་དང་ཚན་རྩལ་ཞབས་ཞུའི་བྱ་བ་སྒྲུབ་པ།

སྔར་ལས་ལྷག་པའི་སྒོ་ནས་བྱེད་ཐབས་ནུས་ལྡན་ལག་བསྟར་དངོས་འབེབས་དང་ཐོན་ལས་དབུལ་སྐྱོར་གྱི་སྤུས་ཚད་མཐོར་འདེགས་སུ་གཏང་བ། “ས་ཁུལ་གསུམ་དང་ཁུལ་གསུམ”གྱི་དབུལ་སྐྱོར་མཁྲེགས་གཏོར་བྱ་བར་རྒྱལ་ཁ་ལེགས་པོ་ཞིག་ལེན་པ། ཞིང་སྡེའི་དར་རྒྱས་འཐབ་ཇུས་དངོས་ལག་བསྟར་བྱེད་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལ་རྒྱབ་རྟེན་གྱི་འགན་སྲུང་ངེས་ཅན་ཞིག་མཁོ་སྤྲོད་བྱ་ཆེད། ཉེ་ལམ་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ལས་ཚན་རྩལ་གསར་གཏོད་གཟན་རྩྭའི་ཐོན་ལས་གཞན་སྒྱུར་ཞིབ་འཇུག་གསར་སྤེལ་སྟེགས་བུ་ཡིས། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་བཀོད་སྒྲིག་ལྟར། རྒྱལ་ཁབ་རྩྭ་སའི་ཐོན་ལས་ལག་རྩལ་གྱི་མ་ལག་ལ་ཧུར་ཐག་གིས་མཐུད་སྦྲེལ་བྱས་ཏེ། ཐུན་མོང་གིས་ཆེད་ལས་ཞབས་ཞུའི་ཚོགས་པ་དག་སྔ་གཞུག་ཏུ་རང་ཞིང་གི“ས་ཁུལ་གསུམ་དང་ཁུལ་གསུམ”དུསོང་ནས་ལག་རྩལ་ཞབས་ཞུའི་གཏན་ཁེལ་གྱི་རྫོང་དག་ལ་དབུལ་སྐྱོར་བྱ་བའི་རྟོག་ཞིབ་ཞིབ་འཇུག་དང་འབྲེལ་ཡོད་ཚན་རྩལ་ཞབས་ཞུ་སྒྲུབ་པ་རེད།

ཞབས་ཞུའི་ཚོགས་པ་སྔ་གཞུག་ཏུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་ཆེན་རྫོང་དང་དར་ལག་རྫོང་། དགའ་བདེ་རྫོང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མང་རྫོང་དང་འབའ་རྫོང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རེབ་གོང་རྫོང་དང་རྩེ་ཁོག་རྫོང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མདའ་བཞི་རྫོང་། རྒྱ་མདོ་ཧའེ་རིགས་རང་སྐྱོང་རྫོང་སོགས་སུ་སོང་སྟེ། ས་གནས་དེ་གའི་འབྲེལ་ཡོད་རྩྭ་ཐང་སྡེ་ཁག་ལ་མཐུད་སྦྲེལ་བྱས་ཏེ། ཡུལ་དངོས་རྟོག་ཞིབ་དང་ལག་རྩལ་གསབ་སྦྱོང་། བཞུགས་མོལ་བགྲོ་གླེང་སོགས་ཀྱི་རྣམ་པ་སྤྱད་དེ། ས་གནས་གང་དེའི་ཐོན་ལས་འཕེལ་རྒྱས་ཐད་ཀྱི་གནད་དོན་མང་པོ་ཞིག་ཐག་གཅོད་བྱས་པ་རེད།

ཁོ་ཚོ་ཐོག་མར་འབའ་རྫོང་གི་མཚོ་སྔོན་ཞིང་ཆེན་གཟན་རྩྭ་ལེགས་འདེབས་བཟོ་གྲྭ་རུ་སོང་སྟེ། ཡུལ་དངོས་ཀྱི་གཟན་རྩའི་ས་བོན་གྱི་རྟེན་གཞི་ལ་ལྟ་རྟོག་དང་ལག་རྩལ་མི་སྣ་དག་ལ་གླེང་མོལ་དང་བསམ་བློ་བརྗེ་རེས་བྱས་ཤིང་། གསོ་སྤེལ་བཟོ་གྲྭ་གང་དེའི་ཐོན་སྐྱེད་ཕྱིར་འཚོང་ཐད་ཀྱི་གནད་དོན་དང་དཀའ་ཁག་ལ་རྒྱུས་ལོན་ཟབ་མོ་བྱས། དེར་མ་ཟད་རྒྱུ་སྤུས་གསར་བའི་ཐོན་རྫས་ཀྱི་གསོ་སྤེལ་འདེབས་འཛུགས་ཚད་གཞི་དང་ས་བོན་གྱི་རྒྱུ་སྤུས་ངོས་འཛིན་མ་ལག་འཛུགས་སྐྲུན་སོགས་ཀྱི་ཐད་ལ་ཤུགས་སྣོན་བྱེད་དགོས་པའི་སྐོར་གྱི་བསམ་འཆར་ཡང་བཏོན་པ་རེད། དེར་མཐུད་ཆེད་མཁས་ཞབས་ཞུའི་ཚོགས་པ་དེས་དགའ་བདེ་རྫོང་གི་གངས་ལུང་སྐྱེ་ཁམས་ཕྱུགས་ལས་ཆེད་གཉེར་མཉམ་ལས་ཁང་དང་དར་ལག་རྫོང་འོད་ཟེར་ཡུལ་ཚོའི་གཡུ་ལུང་གཟན་རྩྭ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་ལ་བཅའ་འདྲི་བྱས། ཁོ་ཚོས་རང་ཞིང་གི་ཕྱུགས་ལས་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཡིན་པའི་ཆ་ནས་མཉམ་ལས་ཁང་དེ་གཉིས་ཀའི་འདས་ཟིན་པའི་ལོ་རེ་རེའི་ནང་རང་བྱུང་གནོད་འཚེ་སོགས་ཀྱིས་བཟོས་པའི་སྒོ་ཕྱུགས་ཀྱི་སྐྱེ་འཕེལ་ཁ་གྲངས་ཇེ་དམའ་རུ་སོང་བ་དང་སྒོ་ཕྱུགས་ཤི་བའི་སྣང་ཚུལ་ཡང་བྱུང་ཡོད་པ་ལ་རྒྱུས་ལོན་བྱས། ད་ལྟ་མངའ་ཁོངས་གང་དེའི་གཟན་རྩྭ་འདེབས་འཛུགས་ཀྱི་ཚད་གཞི་ཆེས་ཆེར་བཏང་ཞིང་གནོད་འཚེ་སྔོན་འགོག་དང་སྒོ་ཕྱུགས་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་མཐོར་འདེགས་སུ་བཏང་ཡོད་པ་རེད། འོན་ཀྱང་གཟན་རྩའི་ཐོན་སྐྱེད་ཁྲོད་སྔར་བཞིན་ཡུ་གོ་ཡི་རིགས་ཤེས་ཀྱི་མེད་པ་དང་འདེབས་འཛུགས་བྱེད་པའི་རིགས་ཡོངས་བསྲེས་བྱས་ཡོད་པ། ཐོན་རྫས་ལེགས་པོར་སྐུལ་འདེད་བྱེད་པ་དང་འདེབས་འཛུགས་ཁྱབ་རྒྱ་ཆེ་བ། གཟན་རྩྭའི་ཐོན་སྐྱེད་བདག་དོམ་དམ་པོ་མིན་པ་སོགས་ཀྱི་གནད་དོན་ཡང་ཡོད་པ་རེད། དེའི་རྐྱེན་གྱིས་ཞབས་ཞུ་ཚོགས་པས་བསྟན་དོན། རྗེས་ཕྱོགས་མངའ་ཁོངས་འདི་དག་གིས་ཐོན་རྫས་ལེགས་པོ་འོས་སྦྱོར་སྐུལ་འདེད་དང་ལག་རྩལ་མི་སྣའི་གསབ་སྦྱོང་སོགས་ཀྱི་བྱེད་ཐབས་བརྒྱུད། མངའ་ཁོངས་གང་དེའི་ཐོན་ལས་དབུལ་སྐྱོར་བྱ་བའི་ཐད་ལ་གྲུབ་འབྲས་ལེན་རྒྱུ་མཐོར་འདེགས་སུ་གཏང་དགོས་ཟེར།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།