སི་ཁྲོན་བོད་ཁུལ་ནས་བོད་བཙན་པོའི་སྐབས་ཀྱི་ཡིན་ཤས་ཆེ་བའི་བྲག་བརྐོས་ཤིག་རྙེད་སོན་བྱུང་།

 མི་དམངས་དྲ་བའི་འཕྲིན། ཉེ་ལམ་ཆེད་མཁས་པས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཔལ་ཡུལ་རྫོང་ནས་རྙེད་སོན་བྱུང་བའི་ལོ་རྒྱུས་ཀྱི་ཤུལ་རྗེས་ཤིག་ལ་བརྟག་དཔྱད་དབྱེ་ཞིབ་བྱས་པ་དང་། ཁོ་ཚོས་དེ་ནི་བོད་བཙན་པོའི་རྒྱལ་རབས་ཀྱི་དུས་མཇུག(དུས་རབས་དགུ་བའི་གཡས་གཡོན)གི་བྲག་བརྐོས་ཤིག་ཡིན་ཤས་ཆེ་ཞེས་ཐོག་མའི་ཁྲུན་བཅད།

ཤེས་གསལ་ལྟར་ན། དེ་ནི་ས་ཆ་དེར་བོད་བཙན་པོའི་སྐབས་ཀྱི་རྗེས་ཤུལ་རྙེད་སོན་བྱུང་བ་ཐོག་མ་ཡིན་ཞིང་། ཡང་ན“ཐང་བོད་གནའ་ལམ”གྱི་ལམ་དྲ་ཅན་གྱི་རིག་གཞུང་སྤེལ་མཁན་ལས་རིགས་ཀྱི་ལྟ་བའི་ཆ་ལ་སྒྲུབ་བྱེད་ཁོངས་འདོན་ཐུབ་པའི་རེ་བ་ཡོད་པ་རེད།

རྗེས་ཤུལ་དེ་ནི་དཔལ་ཡུལ་རྫོང་སྟེང་ལུང་ཡུལ་ཚོ་སྤང་སྤང་གྲོང་ཚོར་ཡོད་ཅིང་། བཞེངས་སྟངས་ཁྱད་དུ་འཕགས། ཡུལ་དེའི་དམངས་ཁྲོད་ངག་རྒྱུན་དུ་རྒྱ་བཟའ་ཀོང་ཇོ་བོད་ལ་ཕེབས་དུས་སུ་བཞག་པའི་རྗེས་ཤུལ་ཡིན་ཞེས་ཤོད་སྲོལ་ཞིག་འདུག པེ་ཅིང་གི་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་བོད་བརྒྱུད་ནང་བསྟན་རྟེན་རྫས་ཞིབ་འཇུག་ཁང་གི་འགོ་གཙོ་ལའོ་ཝན་ཧྭ་ཡིས་གསར་འགོད་པར། སྤང་སྤང་རྡོ་བརྐོས་ཀྱི་བཞེངས་སྟངས་དེ་ཆབ་མདོ་དང་ཡུལ་ཤུལ། སེར་ཤུལ་སོགས་སུ་རྙེད་པའི་བོད་བཙན་པོའི་བྲག་བརྐོས་སྐུ་འདྲ་དང་ཧ་ཅང་འདྲ་ལ། སྟོན་སྐུ་གཅིག་དང་སྤྱན་རས་གཟིགས་ཀྱི་སྐུ་འདྲ་བཞི་བཅས་སྐུ་འདྲ་ལྔས་གྲུབ། སྐུ་འདྲ་ལ་ཞིག་སྐྱོན་ཆེན་པོ་བྱུང་ཡོད་ཀྱང་དབུ་སྐྲ་དང་དབུ་རྒྱན། ན་བཟའ་དག་མཐོང་ཐུབ་ཀྱི་ཡོད་པ་མ་ཟད། སྐྱིལ་ཀྲུང་ངམ་རྩེད་འཇོའི་རྣམ་རོལ་འཛིན་པ། པད་གདན་དུ་བཞུགས་པ་ལ་སོགས་བོད་བཙན་པོའི་སྐབས་ཀྱི་ལྷ་སྐུ་བཞེངས་ལུགས་ཀྱི་ཁྱད་ཆོས་ལྡན་ཟེར། 

ལའོ་ཝན་ཧྭ་ཡིས་འདི་སྐད། ཀྲུང་གོའི་ལོ་རྒྱུས་སྟེང་གྲགས་ཆེ་བའི“ཐང་བོད་གནའ་ལམ”ནི་ཐང་རྒྱལ་རབས་དང་བོད་བཙན་པོའི་སྲིད་དབང་། ད་ལྟའི་ནེ་པ་ལ་དང་རྒྱ་གར་བར་གྱི་འབྲེལ་ལམ་གལ་ཆེན་ཞིག་ཡིན་ན་ཡང་། ད་ལྟ་ལས་རིགས་འདིའི་ལྟ་ཚུལ་ནི་ཐང་བོད་གནའ་ལམ་ལ་ལམ་འདི་ཁོ་ན་ཙམ་མ་གཏོགས་ཡན་ལག་གི་ལམ་གཞན་ཡང་ཡོད་པར་འདོད།  ང་ཚོས་རྗེས་ཤུལ་གཞིར་བཟུང་ནས་དཔག་ཚེ་གནའ་སྔ་མོར་དཔལ་ཡུལ་ས་ཆ་འདིར‘ཐང་བོད་གནའ་ལམ’གྱི་ཡན་ལག་ཏུ་གཏོགས་པའི་ལམ་ཞིག་ཡོད་ཤས་ཆེ་བའི་ངེས་པ་འདྲོངས་ཡོང་ཟེར།

སྤང་སྤང་གི་རྡོ་བརྐོས་སྐུ་འདྲ་ཁྲོད། གོང་གྲལ་གྱི་གཡས་ཕྱོགས་སུ་མཐོང་དཀོན་པའི་རྒྱབ་བསྙེས་ལྡེར་བཟོ་ཞིག་སྟེ། དབུ་སྐྲ་རིང་ལ་དཔུང་རྒྱབ་ཏུ་འཕྱང་པ། སྐྲ་རྒྱན་སྤུད་པ། ཆོས་གོས་དམར་པོ་བནབས་པ་ཞིག་འདུག་པ་ལ་ལ་ལས་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐུ་འདྲ་ཡིན་ཞེས་དང་ལ་ལས་རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་པའི་ལམ་དུ་ཕ་ཡུལ་ལ་ཕྱིར་གཟིགས་མཛད་པའི་ཚུལ་བསྟན་ཕྱིར་རྒྱབ་བསྙེས་ཀྱི་རྣམ་པ་འདི་བཞེངས་ཞེས་བཤད་སྲོལ་འདུག ལའོ་ཝན་ཧྭ་ཡིས། རིགས་འདེད་བྱས་ན་སྐུ་འདྲ་དེ་ནི་མདུན་བཞུགས་ཀྱི་སྐུ་ལྔའི་གྲས་ཀྱི་གཅིག་རེད་དེ། ཞིག་སྐྱོན་ཆེན་པོ་བྱུང་རྐྱེན་ཕྱིས་ཀྱི་མིས་སྐུ་འདྲ་ལ་ཡང་བསྐྱར་ཞིག་གསོ་དང་ལས་སྣོན་བྱས་ཡོད་སྙམ་ཟེར།

“‘ཐང་བོད་གནའ་ལམ’དཔལ་ཡུལ་ས་ཆ་འདི་བརྒྱུད་དགོས་མིན་ལ་ད་དུང་ལུང་དང་རིགས་པས་སྒྲུབ་བྱེད་དགོས་མོད་ཀྱང་། ཐེངས་འདིའི་གསར་རྙེད་ཀྱིས་ང་ཚོ་ལ་བོད་བཙན་པོའི་སྐབས་ཀྱི་བྲག་བརྐོས་རི་མོའི་བར་སྟོང་དང་ཁྱབ་ཚུལ་ལ་གནའ་རྫས་རྟོག་ཞིབ་རིག་པའི་ཆ་ནས་ཡང་བསྐྱར་བསམ་གཞིགས་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཟེར།

ཁོན་ཐར་འཚོས་བསྒྱུར།