ཞི་ཅིན་ཕིང་གིས་མཁའ་དམག་གི་དམག་སྒར་ག་གེ་མོར་གཟིགས་ཞིབ་མཛད་སྐབས་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དང་དམག་འཁྲུག་ལས་རྒྱལ་བའི་ནུས་པ་མཐོར་འདེགས་སུ་བཏང་ནས་ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་ཉེར་གཉིས་ཉིན་མཁའ་དམག་གི་དམག་སྒར་ག་གེ་མོར་གཟིགས་ཞིབ་ཏུ་ཕེབས། འདི་ནི་ཞི་ཅིན་ཕིང་གིས་ཀན་སུའུ་བཅའ་སྡོད་དམག་དཔུང་ཁྲི་དཔོན་གཞོན་པའི་ཡན་གྱི་མགོ་ཁྲིད་ལས་བྱེད་པ་དང་མདའ་ཤོག་ལས་ཁུངས་ཀྱི་དམག་དཔོན་གཙོ་བོར་བརྩེ་བའི་མཇལ་འཕྲད་གནང་བའི་ཚུལ་རེད།

འདི་ནི་ཞི་ཅིན་ཕིང་གིས་དམག་སྒར་གྱི་འཐབ་འཁྲུག་བཀོད་འདོམས་ལྟེ་གནས་ནས་འཐབ་འཁྲུག་གྲ་སྒྲིག་གི་ལས་རེས་དང་སྦྱོང་བརྡར་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་ཉེར་གཉིས་ཉིན་མཁའ་དམག་གི་དམག་སྒར་ག་གེ་མོར་གཟིགས་ཞིབ་ཏུ་ཕེབས། ཁོང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་དུས་རབས་གསར་པའི་ཏང་གི་དམག་དར་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་ཟབ་མོ་བྱས་ཏེ། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དང་། དམག་འཁྲུག་ལས་རྒྱལ་བའི་ནུས་པ་མཐོར་འདེགས་སུ་བཏང་ནས། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་ནན་གྱིས་བསྟན།

ཟླ་བརྒྱད་པའི་ཀན་སུའུ་རུ་ནམ་ཟླ་ཧ་ཅང་བཟང་བ་དང་སྐྱེ་སྟོབས་ཀྱིས་ཁེངས་ཡོད། སྔ་དྲོའི་དུས་ཚོད་བཅུའི་སྟེང་། ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་མཁའ་དམག་གི་དམག་སྒར་ག་གེ་མོར་ཕེབས། སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ་ཞི་ཅིན་ཕིང་གིས་ཀན་སུའུ་བཅའ་སྡོད་དམག་དཔུང་ཁྲི་དཔོན་གཞོན་པའི་ཡན་གྱི་མགོ་ཁྲིད་ལས་བྱེད་པ་དང་མདའ་ཤོག་ལས་ཁུངས་ཀྱི་དམག་དཔོན་གཙོ་བོར་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད། ཚང་མ་དང་མཉམ་དུ་དྲན་རྟེན་གྱི་འདྲ་པར་བསྐྱོན།

འཐབ་འཁྲུག་བཀོད་འདོམས་ལྟེ་གནས་ན་དཔོན་དམག་རྣམས་ཀྱིས་བྲེལ་འཚུབ་ཆེ་བའི་ངང་བྱ་བ་སྒྲུབ་བཞིན་ཡོད། ཞི་ཅིན་ཕིང་དེར་ཕེབས་ནས་ལས་རེས་ཀྱི་ལས་རྐང་ལ་གཟིགས་ཞིབ་མཛད་པ་དང་། འབྲེལ་ཡོད་མཚམས་སྦྱོར་ལ་གསན་ནས། འཐབ་འཁྲུག་གྲ་སྒྲིག་གི་ལས་རེས་དང་སྦྱོང་བརྡར་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད།

ཞི་ཅིན་ཕིང་གིས་བརྙན་རིས་བརྒྱུད་དེ་དམག་སྒར་གྱི་འབྲེལ་ཡོད་དམག་དཔུང་ལ་གཟིགས་ཞིབ་མཛད། རེག་བརྡའི་ས་ཚིགས་ག་གེ་མོ་ཞིག་མཚོ་ངོས་ལས་རྨིད་སུམ་སྟོང་དྲུག་བརྒྱ་མཐོ་བའི་མཐོ་སྒང་དུ་གནས་ཡོད་ལ། ཡུན་རིང་པོར་དམག་འཁྲུག་གྲ་སྒྲིག་ལས་རེས་ཀྱི་ལས་འགན་ཁུར་ཡོད། ཞི་ཅིན་ཕིང་གིས་དཔོན་དམག་གི་བྱ་བ་དང་འཚོ་བའི་གནས་ཚུལ་དྲིས་པར་མ་ཟད། ཁོ་ཚོས་སྲོལ་བཟང་དར་སྤེལ་དང་ཁྱད་ཆོས་སྲུང་འཛིན་གྱིས་བྱང་ཚད་བཟང་པོ་སྦྱོང་བརྡར་བྱས་ཏེ་ལྷག་བསམ་རྣམ་དག་གིས་འགན་འཁྲི་ལག་བསྟར་བྱེད་དགོས་པའི་སྐུལ་མ་གནང་། སྐྱེལ་འདྲེན་འཚོལ་སྐྱོབ་མདའ་ཤོག་ག་གེ་མོས་དམག་འཁྲུག་གྲ་སྒྲིག་གི་སྦྱོང་བརྡར་ལ་ཤུགས་བསྣན་པ་དང་མཉམ་དུ། བསྟུད་མར་ལོ་སུམ་ཅུ་ལྷག་ལ་གནམ་གྲུ་ལ་བརྟེན་ནས་སྡོང་བོ་བཙུགས་ཡོད། ཞི་ཅིན་ཕིང་གིས་ཁོ་ཚོའི་གྲུབ་འབྲས་ལ་ཁས་ལེན་མཛད་པ་དང་མཉམ་དུ། ཁོ་ཚོར་མི་དམངས་དམག་དཔུང་གི་རྩ་བའི་དམིགས་བྱ་ཡིད་ལ་དམ་པོར་བཅངས་ཏེ། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ཐད་མུ་མཐུད་དུ་རམ་འདེགས་བྱས་ནས། ཏང་དང་མི་དམངས་ཀྱིས་གནང་བའི་འགན་འཁྲི་དང་ལས་འགན་ཡོངས་འགྲུབ་བཟང་པོ་བྱེད་དགོས་པའི་ཐུགས་རེ་བཏོན།

དེའི་རྗེས་སུ། ཞི་ཅིན་ཕིང་གིས་དམག་སྒར་གྱི་བྱ་བའི་ཡར་ཞུ་ལ་གསན་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་བདུན་ཅུ་འཁོར་བའི་སྐབས་སུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་བ་དང་དུས་ལ་འཁེལ་ཞིང་དོན་སྙིང་ཆེ་བས། ཏང་ཀྲུང་དབྱང་གི་ཇུས་ཆོད་ཀྱི་དམིགས་ཡུལ་ལ་གོ་བ་ཟབ་མོ་ལེན་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་གཏོང་བ། རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ནས། བརྗོད་དོན་སློབ་གསོར་གྲུབ་འབྲས་ངོ་མ་ཐོབ་པར་ཁག་ཐེག་བྱེད་དགོས། བརྗོད་དོན་སློབ་གསོ་སྤེལ་སྐབས་ཕན་འབྲས་ལ་གཙིགས་འཛིན་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྣ་ཚོགས་ཁྱད་དུ་སེལ་དགོས། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་ཀྱིས་དོན་དངོས་ལས་ཞིབ་བཤེར་བྱས་པའི་གནད་དོན་དང་དམ་དུ་སྦྲེལ་ནས། གནད་དོན་དངོས་ནས་ཐག་གཅོད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་། དམག་འཁྲུག་གྲ་སྒྲིག་དངོས་སུ་འཛིན་པ་དང་རྒྱུན་འཛིན་ལྷོད་མེད་བྱས་ཏེ། དམག་འཁྲུག་བྱུང་ཚེ་གཡུལ་སར་འགྲོ་ཕོད་པ་དང་རྣམ་པར་རྒྱལ་ཐུབ་པར་བྱེད་དགོས། དངོས་འཐབ་དངོས་སྦྱོང་དང་མཉམ་འཐབ་མཉམ་སྦྱོང་རྒྱུན་འཁྱོངས་ཀྱིས་འགོག་རྒོལ་རང་བཞིན་དང་ཁ་གཏད་རང་བཞིན་དང་གཞོགས་འདེགས་རང་བཞིན་གྱི་སྦྱོང་བརྡར་ལ་ཤུགས་བསྣན་ནས། སྦྱོང་བརྡར་གྱི་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། དམག་འཁྲུག་གིས་འཛུགས་སྐྲུན་ལ་མགོ་ཁྲིད་བྱེད་པ་དང་སྦྱོང་བརྡར་གྱིས་ནུས་པ་ཇེ་ཆེར་བཏང་ནས་དམག་འཁྲུག་གི་ནུས་པར་ཤུགས་སྣོན་དང་སྟོབས་ཤུགས་འཛུགས་སྐྲུན་ལ་འགན་སྲུང་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་། དམག་དཔུང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དེ་ནན་འཛིན་གྱིས་རྒྱུན་ལྡན་རང་བཞིན་གྱི་བསམ་བློའི་བྱ་བ་དང་རྒྱུན་ལྡན་རང་བཞིན་གྱི་དོ་དམ་བྱ་བ་བཟང་པོར་སྒྲུབ་ནས། དམག་དཔུང་ཚད་མཐོའི་གཅིག་བསྡུས་གཅིག་གྱུར་དང་ལྷད་མེད་སྲ་བརྟན་ཡོང་བར་ཁག་ཐེག་དང་། དམག་དཔུང་བདེ་འཇགས་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས། ནན་སྐྱོང་དང་གཅེས་སྐྱོང་ཟུང་འབྲེལ་གྱིས་སེམས་ཤུགས་དང་བརྩེ་སེམས་ཀྱིས་དམག་དཔུང་བསྐྱངས་ཏེ། དམག་དཔུང་གི་གོང་བུར་སྒྲིལ་ཤུགས་དང་འཐབ་འཛིང་ནུས་ཤུགས་ཇེ་ཆེར་གཏོང་དགོས། བྱ་བའི་གཙོ་གནད་གཞི་རིམ་དུ་འཇོག་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་ཇེ་དྲག་ཏུ་བཏང་ནས། གཞི་རིམ་འཛུགས་སྐྲུན་དེ་ཕྱོགས་ཡོངས་ནས་གོང་འཕེལ་དང་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་དགོས། རིམ་པ་སོ་སོས་སྤྲོ་སེམས་དང་བརྩོན་སེམས་ཆེན་པོས་དཔོན་དམག་གི་དཀའ་ངལ་སེལ་བ་དང་། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་བཏང་ནས། རྒྱ་ཆེའི་དཔོན་དམག་གིས་སེམས་ཤུགས་གཅིག་སྒྲིལ་སྒོས་ལས་སྒྲུབ་ལས་བསྐྲུན་བྱེད་པར་སྐུལ་མ་གཏོང་དགོས་ཟེར།

ཞུའུ་ཆི་ལེང་སོགས་བྱ་འགུལ་ལ་ཞུགས།