ལོ14མན་གྱི་ཁྲག་རིལ་དཀར་པོའི་འབྲས་སྐྲན་ནད་པའི་རིན་མེད་སྨན་བཅོས་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ8པའི་ཚེས22ཉིན། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་བྱིས་པའི་ཁྲག་རིལ་དཀར་པོའི་འབྲས་སྐྲན་ནད་ཀྱི“གཞི་རྩའི་སྨན་བཅོས་འགན་སྲུང+”ཆེད་དམིགས་རོགས་སྐྱོར་བྱེད་སྒོའི་ཆིངས་འཇོག་མཛད་སྒོ་བསྡུས་ཏེ། “གཞི་རྩའི་སྨན་བཅོས་འགན་སྲུང+ནད་ཚབས་ཆེན་གྱི་འགན་སྲུང+སྨན་བཅོས་རོགས་སྐྱོར+སྤྱི་ཕན་ཁ་གསབ་འགན་སྲུང+དགེ་རྩ་རོགས་སྐྱོར”བཅས་ཀྱི་རོགས་སྐྱོར་འགན་སྲུང་རྣམ་པ་གསར་པ་ལག་བསྟར་བྱས་པ་དེས། མཚོ་སྔོན་གྱི་ལོ14མན་གྱི་ཁྲག་རིལ་དཀར་པོའི་འབྲས་སྐྲན་ནད་པའི་རིན་མེད་སྨན་བཅོས་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བ་མཚོན་ཐུབ་པ་རེད།

ཆེད་དམིགས་རོགས་སྐྱོར་བྱེད་སྒོའི་དོན་ཚན་གཙོ་བོ་བཞི།

གཅིག གཞི་རྩའི་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་རང་ཞིང་གི་ལོ14མན་གྱི་ཁྲག་རིལ་དཀར་པོའི་འབྲས་སྐྲན་ནད་པས། སྨན་བཅོས་འགན་སྲུང་སྲིད་ཇུས་ཀྱི་གཏན་འབེབས་ལྟར། སྨན་ཁང་ནས་ཞག་སྡོད་བྱ་དགོས་ཚེ་གཞི་རྩའི་སྨན་བཅོས་འགན་སྲུང་དང་ནད་ཚབས་ཆེན་གྱི་འགན་སྲུང་། སྨན་བཅོས་རོགས་སྐྱོར་བཅས་བརྒྱུད་ནས་སྨན་རིན་རྩིས་ཞུ་བྱེད་པའི་སྲིད་ཇུས་ལོངས་སུ་སྤྱད་ཆོག

གཉིས། སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་དགེ་ལས་རྩ་འཛུགས་རྒྱ་ཁྱབ་ཀྱིས་ཡར་སྐུལ་བྱས་ཏེ། ཞལ་འདེབས་རྣམ་པ་བརྒྱུད་ནས། ཞིང་ཆེན་ཡོངས་ཀྱི་ལོ14མན་གྱི་བྱིས་པ་ཁྲི100ལ“ཁྲག་རིལ་དཀར་པོའི་འབྲས་སྐྲན་ནད་ཅན་གྱི་བྱིས་པའི་ཆེད་དམིགས་འགན་སྲུང”གི་ཉེན་སྲུང་ཐོན་རྫས་མངགས་ཉོ་བྱ་རྒྱུ། པེ་ཅིང་ཞིན་དབྱང་ཀོང་དགེ་རྩ་ཐེབས་རྩ་ཚོགས་པས་ལོ་རེར་སྒོར་ཁྲི400རོགས་སྐྱོར་བྱས་ཏེ།ཐོག་མའི་ཚོད་ལྟའི་དུས་ཡུན་ལོ5ཡིན་ལ་ཁྱོན་བསྡོམས་སྒོར་ཁྲི2000བཏང་ནས་རང་ཞིང་གི་ལོ14མན་གྱི་ཁྲག་རིལ་དཀར་པོའི་འབྲས་སྐྲན་ནད་པར་ཉེན་སྲུང་ཐོན་རྫས་མངགས་ཉོ་བྱ་རྒྱུ་རེད། ཀྲུང་གོ་མི་དམངས་རྒྱུ་ནོར་ཉེན་སྲུང་མ་རྐང་ཚད་ཡོད་ཀུང་ཟིའི་མཚོ་སྔོན་གྱི་ཡན་ལག་ཀུང་ཟི་དང་། ཀྲུང་གོ་མི་ཚེ་ཉེན་སྲུང་མ་རྐང་ཚད་ཡོད་ཀུང་ཟིའི་མཚོ་སྔོན་གྱི་ཡན་ལག་ཀུང་ཟིས་འགན་སྒྲུབ་བྱས་ཏེ། ནད་ངེས་ཟིན་པའི་ལོ14མན་གྱི་ཁྲག་རིལ་དཀར་པོའི་འབྲས་སྐྲན་ནད་པ་དང་ལོ་རེར་ཇེ་མང་ལ་འགྲོ་བཞིན་པའི་ལོ14མན་གྱི་ཁྲག་རིལ་དཀར་པོའི་འབྲས་སྐྲན་ནད་པར། གཞི་རྩའི་སྨན་བཅོས་འགན་སྲུང་དང་ནད་ཚབས་ཆེན་གྱི་འགན་སྲུང་། སྨན་བཅོས་རོགས་སྐྱོར། སྨན་བཅོས་ལས་ཁུངས་ཀྱིས་འགྲོ་སོང་རྩིས་ཞུ་བྱས་རྗེས་ཀྱི་སྨན་རིན་ལྷག་མ(སྒེར་སྤྲོད་སྨན་རིན་ཡང་འདུ)། སྤྱི་ཕན་ཁ་གསབ་འགན་སྲུང་གིས90%ཆེད་དམིགས་འགན་སྲུང་ལྟར། ཁྲག་རིལ་དཀར་པོའི་འབྲས་སྐྲན་ནད་པར་ཆེད་དམིགས་འགན་སྲུང་མ་དངུལ་གྱི་ཆེས་མཐོའི་ཚད་བཀག་སྒོར་ཁྲི20ཡི་འགན་ལེན་བྱ་རྒྱུ།

གསུམ། ལྷག་མའི10%ཡི་སྨན་རིན་སྤྲོད་མི་ཐུབ་པའི་དབུལ་ཕོངས་ཁྱིམ་ཚང་ལ། བཟོ་པའི་མཉམ་འབྲེལ་ཨུ་ལྷན་གྱིས་ལས་བཟོ་པས་མཉམ་རོགས་དང་རྒྱ་གྲམ་དམར་པོའི་ཐེབས་རྩ་ཚོགས་པ་བཅས་བརྒྱུད་ནས་སྨན་རིན་ལྷག་མ་རོགས་སྐྱོར་བྱ་རྒྱུ།

བཞི། ནད་པས་སྨན་བཅོས་སྐབས་ཀྱི་འཚོ་བའི་འགྲོ་གྲོན་ཅུང་མང་ན། དམངས་སྲིད་སྡེ་ཁག་གིས་གནས་སྐབས་རོགས་སྐྱོར་བརྒྱུད་ནས་ཐག་གཅོད་བྱ་རྒྱུ།

རོགས་སྐྱོར་ཁྱབ་ཁོངས་དང་དུས་ཚོད།

རོགས་སྐྱོར་བྱ་ཡུལ་ནི། མཚོ་སྔོན་གྱི་ཁྱིམ་ཐོ་ཅན་གྱི་ལོ14མན་གྱི་ཁྲག་རིལ་དཀར་པོའི་འབྲས་སྐྲན་ནད་པ་དང་། དེ་མིན་རང་ཞིང་གི་མཁར་གྲོང་དང་ཞིང་སྡེའི་སྡོད་དམངས་སྨན་བཅོས་འགན་སྲུང་ནང་ཞུགས་ཡོད་པའི་ནད་པ་ཡིན་དགོས།

རོགས་སྐྱོར་དུས་ཚོད། 2019ལོའི་ཟླ9པའི་ཚེས1ཉིན་ནས2024ལོའི་ཟླ8པའི་ཚེས31ཉིན།

རོགས་སྐྱོར་སྨན་བཅོས་ལས་ཁུངས་ནི། མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང(ཞིང་ཆེན་སྨན་ཁང་གཉིས་པ)དང་མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་གཉིས་ཡིན།

ལོ་ཙཱ་བ། ལྷ་ཆེན་རྒྱལ།