ལས་སྒོ་གསར་འབྱེད་ཀྱི་འདུན་མ་མི་བརྗེད། རྒྱལ་ཁབ་དྲིན་གཟོ་ཡི་ཆོད་སེམས་མི་འབོར།

——2019ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་སྟོབས་ཆེན500ཡི་མཐོ་རིམ་ཚོགས་འདུའི་ཟུར་བཀོད།


2019ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་སྟོབས་ཆེན500ཡི་མཐོ་རིམ་གླེང་སྟེགས་ཐོག་དཔང་ཡིག་སྤྲོད་པའི་ཚུལ།

གསེར་མདོག་གི་ཟླ་བརྒྱད་པར་བསིལ་རླུང་དལ་གྱིས་ལྡང་ཞིང་འབྲས་བཟང་སྨིན། ཟླ8ཚེས22ཉིན་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་གནང་བའི“ལས་སྒོ་གསར་འབྱེད་ཀྱི་འདུན་མ་མི་བརྗེད། རྒྱལ་ཁབ་དྲིན་གཟོ་ཡི་ཆོད་སེམས་མི་འབོར”ཅེས་པ་བརྗོད་གཞིར་བཟུང་བའི“2019ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་སྟོབས་ཆེན500ཡི་མཐོ་རིམ་གླེང་སྟེགས་”ཟི་ལིང་ནས་བསྡུས་ཤིང་། གླེང་སྟེགས་ཐོག “2019ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་སྟོབས་ཆེན500”ཡི་མིང་ཐོ་དང་《2019ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་སྟོབས་ཅན500ཡི་བརྟག་ཞིབ་དང་དབྱེ་ཞིབ་སྙན་ཞུ》ཁྱབ་སྒྲོག་བྱས། གསོལ་སྟོན་ཆེན་པོ་འདིར་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཁེ་ལས་པ་གདན་གཅིག་ཏུ་འཛོམས་ནས་མཉམ་གཅིག་ཏུ་དམངས་གཉེར་ཁེ་ལས་ཀྱི་དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་ནས་གོང་དུ་སྤེལ་བའི་སྐོར་ནས་གྲོས་གླེང་མཛད་པ་མ་ཟད། རྒྱ་ཆེའི་དམངས་གཉེར་ཁེ་ལས་པ་རྣམས་ལ“མཚོ་སྔོན་གྱི་གྲོས་འགོ”བཏོན།

འདི་མཚོ་སྔོན་ལ་མཚོན་ན་ཕྱི་ཕྱོགས་སྒོ་འབྱེད་དང་རང་རྟོན། གསོན་ཉམས་ཀྱིས་ཕྱུག་པའི་མཚོ་སྔོན་གསར་པའི་གཟུགས་བརྙན་ངོམ་པའི་གོ་སྐབས་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཡོངས་ཀྱི་ཚོང་མགྲོན་ལ་མཚོན་ན། བརྗེ་སྤེལ་ལ་ཤུགས་སྣོན་དང་མཉམ་ལས་བྱེད་མཁན་འཚོལ་བའི་སྟེགས་བུ་གལ་ཆེན་ཞིག་ཡིན། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་མཚོན་ན། ཁེ་ལས་ཀྱི་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ཁྲོད་ཞུགས་ཐུབ་པའི་གསོལ་སྟོན་གལ་ཆེན་ཞིག་རེད།

ཉེ་ལོ་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་འཕེལ་རྒྱས་གསར་པའི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། “ལྔ་བཞིའི་འཐབ་ཇུས”ལག་བསྟར་གཏིང་ཟབ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལ་སྐུལ་འདེད་ཧུར་ཐག་བྱས་ནས་རི་ཆུ་སྔོ་དྭངས་དང་། སྤུས་ལེགས་འཚོ་བ། སྤུས་ལེགས་འཕེལ་རྒྱས་བཅས་རྨང་གཞི་དང་གལ་འགངས་སུ་བརྩིས་ཏེ། ཡར་ངོས་ཟླ་བཞིན་འཕེལ་བཞིན་པའི་མཚོ་སྔོན་གསར་པའི་ལྗོངས་རིས་བཀོད། འདི་དག་ཡོད་ཚད་ཀྱིས་མཐོ་སྒང་གི་འཛིན་མའི་ཁྱོན་འདི་ལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་ཆུ་བོའི་རྒྱུན་བཞིན་བསྩལ་ཏེ། རྒྱ་ཆེའི་དམངས་གཉེར་ཁེ་ལས་རྣམས་མཚོ་སྔོན་ལ་བསྐྱོད་ཅིང་མ་དངུལ་གཏོང་བ། ལས་རིགས་དར་སྤེལ་དང་བྱ་གཞག་འཕེལ་རྒྱས་ལ་གོ་སྐབས་ཆེན་པོ་ཞིག་འདོན་སྤྲོད་བྱས།

ཐེངས་འདིའི་འདུ་ཚོགས་སྒྲུབ་མཁན་སྣོད་བཅུད་མཛེས་སྡུག་དང་ཐོན་ཁུངས་ཕུན་སུམ་ཚོགས་པའི་མཚོ་སྔོན་ལ་ཚོགས་ཞུགས་ཁེ་ལས་པ་རྣམས་ཀྱིས་དོ་སྣང་ཆེན་པོ་ཐོབ། ཁོ་ཚོའི་གྲས་ཀྱི་མི་ལ་ལས་མཚོ་སྔོན་ལ་མ་དངུལ་བཏང་ཟིན་པ་དང་། ལ་ལས་མཚོ་སྔོན་འདེམས་བྱ་རྩིས་ཡོད་པ། ལ་ལས་འདུ་ཚོགས་བརྒྱུད་ནས་མཚོ་སྔོན་ལ་ཤེས་རྟོགས་བྱེད་ཀྱིན་འདུག 
        རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚོགས་འདུ་འདི་མཚོ་སྔོན་ནས་སྤེལ་དོན་ནི་མཚོ་སྔོན་སོགས་ནུབ་རྒྱུད་ས་ཁུལ་འཕེལ་རྒྱས་ལ་རམ་འདེགས་དང་། ཀྲུང་དབྱང་གི་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱ་ཆེད་རེད། དེ་བས་ཁེ་ལས་པ་རྣམས་མཚོ་སྔོན་དུ་ཡོང་ནས་མཚོ་སྔོན་ལ་ཤེས་རྟོགས་དང་མཚོ་སྔོན་ལ་མ་དངུལ་བཏང་ནས་རྒྱལ་ཁབ་ཀྱི་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ལག་བསྟར་ལ་ཤུགས་རྒྱག་པ་དང་། དམངས་གཉེར་ཁེ་ལས་ཆེ་ཤོས་དག་ས་གནས་དཔལ་འབྱོར་གྱི་གོང་སྤེལ་ཁྲོད་ཞུགས་ཐུབ་པའི་མཉམ་ལས་ཀྱི་སྟེགས་བུ་གལ་ཆེན་ཞིག་བསྐྲུན་པར་ཧུར་ཐག་བྱ་བ་དང་། ཆེད་དོན་མཚམས་སྦྱོར་དང་ལས་གཞི་བརྟག་ཞིབ། གྲོས་ཆིངས་འཇོག་པ་ལ་སོགས་མཐོ་རིམ་གླེང་སྟེགས་ཀྱི་མུ་འབྲེལ་བྱེད་སྒོ་ཁག་བརྒྱུད་ནས་མཚོ་སྔོན་གྱི་དམངས་གཉེར་ཁེ་ལས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱིས་ཀྲུང་གོའི་དམངས་གཉེར་ཁེ་ལས་ཀྱི“ཕུགས་འདུན་རུ་དཔུང”ལ་སྤྲོ་སྣང་དང་རེ་སྒུག་ཅིག་བསྩལ་ཐུབ་རྒྱུའི་རེ་བ་ཡོད་ཟེར། 

ཀྲེང་ཐའེ་སྡེ་ཤོག་ནི་ལོ་དུ་མར་མཚོ་སྔོན་དུ་གཞི་ཚུགས་པའི་ཀྲུང་གོའི་དམངས་གཉེར་ཁེ་ལས་སྟོབས་ཆེན500གྲས་ཀྱི་གཅིག་ཡིན། སྡེ་ཤོག་དེའི་སྤྱི་གཉེར་བ་ནན་ཚུན་ཧུའེ་ཡིས། མཚོ་སྔོན་གྱི་ཚོང་པ་གསར་པ་ཞིག་ཡིན་པའི་ངེས་ནས། མཚོ་སྔོན་གྱི་རིམ་ཁག་སྲིད་གཞུང་གི་ཕྱི་གསལ་ནང་གསལ་གྱི་སྲིད་དོན་ཁོར་ཡུག་དང་། སྒོ་འབྱེད་སྟབས་བདེའི་ཚོང་གཉེར་ཁོར་ཡུག གསོན་ཉམས་ཀྱིས་ཕྱུག་པའི་ལས་གཏོད་ཁོར་ཡུག འདྲ་མཉམ་དྲང་གཞག་གི་ཁྲིམས་སྐྱོང་ཁོར་ཡུག་བཅས་ཀྱིས་ང་ཚོ་ལ་མཚོ་སྔོན་ནི་དམངས་གཉེར་ཁེ་ལས་ཀྱིས་མ་དངུལ་གཏོང་ཡུལ་དང་འཕེལ་རྒྱས་གཏོང་ཡུལ་གྱི་ས་གཞི་གཤིན་པོ་ཞིག་རེད་ཟེར།  

དམངས་གཉེར་ཁེ་ལས་ནི་སྤྱི་ཚོགས་རྒྱུ་ནོར་གྱི་གསར་གཏོད་པ་དང་ཕྱོགས་བསྡུ་མཁན་ཡིན་ལ། སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་དང་། མཁོ་སྤྲོད་ལེགས་གྲུབ་བཅོས་སྒྱུར་དང་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་གྱི་གཙོ་བོ་བཅས་ཡིན། ད་ལྟའི་མཚོ་སྔོན་གྱིས་འཕེལ་རྒྱས་གསར་པའི་བསམ་བློས་སྣེ་འཁྲིད་དེ། མཁོ་སྤྲོད་ལོགས་གྲུབ་བཅོས་སྒྱུར་ལ་སྐུལ་འདེད་དང་། ཚོང་གཉེར་ཁོར་ཡུག་ཇེ་ལེགས་ལ་ཧུར་བརྩོན་བྱས་ཡོད་པས། མཚོ་སྔོན་གྱི་དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་བར་སྟོང་ཧ་ཅང་ཆེ་བ་ཡང་ངང་གིས་དཔག་ཐུབ།

ཨ་ཆེན་གངས་རྒྱབ་སྡེ་ཤོག་ཀུང་སི་ནི་རང་ཞིང་གི་དམངས་གཉེར་ཁེ་ལས་ཀྱི་ཕུལ་བྱུང་ཁེ་ལས་ཡིན་པས། མཚོ་སྔོན་ནི་མ་དངུལ་གཏོང་འཇོག་ལ་འཚམ་པའི་ས་གཞི་གཤིན་པོ་ཡིན་ལ།  ས་གནས་རང་གི་ཁེ་ལས་པ་ཞིག་ཡིན་པའི་ངོས་ནས་ཚོགས་འདུ་འདི་མཚོ་སྔོན་ནས་འཚོགས་པ་ནི་གཟི་བརྗིད་ཅིག་ཏུ་བསམ་ཡོད། རེ་བ་ཞིག་ནི་ཐེངས་འདིའི་མཐོ་རིམ་གླེང་སྟེགས་ཐོག་ཁེ་ལས་སྟོབས་ཆེན500བར་མཉམ་འབྲེལ་མཉམ་ལས་དང་ཕུལ་བྱུང་ཁེ་ལས་འདི་དག་དང་མཉམ་དུ་མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་གོང་སྤེལ་ཐུབ་རྒྱུ་དང་། ཁོ་ཚོའི་ལས་སྒོ་དག་མཚོ་སྔོན་དུ་དྲངས་ནས་ནུབ་རྒྱུད་ཀྱི་དཔལ་འབྱོར་ལ་སྐུལ་འཁྲིད་ཐུབ་རྒྱུ་དེ་ཡིན”ཞེས་ཨ་ཆེན་གངས་རྒྱབ་སྡེ་ཤོག་ཀུང་སིའི་སྤྱི་གཉེར་བ་ཧྲའོ་ཡུང་གིས་བརྗོད།

ཚོགས་འདུའི་ཐོག་ཐེངས་འདིའི་མཐོ་རིམ་གླེང་སྟེགས་གོ་སྐབས་སུ་བཟུང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སློབ་སྟོན་འོག རང་རེའི་ཞིང་ཆེན་གྱིས་འདྲ་མཉམ་དང་སྒོ་འབྱེད། ཚོང་མགྲོན་ལ་ཉེ་བ། དམངས་གཉེར་དཔལ་འབྱོར་གོང་སྤེལ་ལ་ཕན་པའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ནས“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་གཅིག་ཏུ་བསྡུས་ཏེ། སྔར་བས་འོད་སྟོང་འབར་བའི་ཀྲུང་གོའི་ཕུགས་འདུན་རླབས་ཆེན་བསྐྱར་དར་ལས་མཚོ་སྔོན་གྱི་ལེའུ་མཉམ་བཞེངས་བྱེད་དགོས་པ་བསྟན།

ཁོན་ཐར་འཚོས་བསྒྱུར།