ཀྲུང་གོའི་དམངས་གཉེར་ཁེ་ལས་སྟོབས་ཆེན500ཡི་མཐོ་རིམ་འདུ་ཚོགས་ཟི་ལིང་ནས་བསྡུས།


 རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧུང་རོང་གིས2019ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་སྟོབས་ཆེན500ཡི་བརྟག་ཞིབ་དབྱེ་ཞིབ་སྙན་ཞུ་ཕུལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཀྲུང་གོའི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཉིས་གཙོ་སྒྲུབ་གནང་བའི“ཀྲུང་གོའི་དམངས་གཉེར་ཁེ་ལས་སྟོབས་ཆེན500”ཡི་མཐོ་རིམ་འདུ་ཚོགས་དེ་རིང་ཟི་ལིང་དུ་འགོ་ཚུགས་ཤིང་། དེ་ནི་ཧྲན་ཏུང་དང་ལེའོ་ཉིང་། པེ་ཅིང་ནས་ཚོགས་པའི་རྗེས་སུ་ནུབ་རྒྱུད་ཞིང་ཆེན་དུ་གཉེར་བའི་མཐོ་རིམ་འདུ་ཚོགས་ཐེངས་དང་པོ་རེད།

མཚོ་སྔོན་ནས “ཀྲུང་གོའི་དམངས་གཉེར་ཁེ་ལས་སྟོབས་ཆེན500”ཡི་མཐོ་རིམ་འདུ་ཚོགས་གཉེར་དོན་ནི། རང་རྒྱལ་གྱི་དམངས་གཉེར་དཔལ་འབྱོར་གྱིས་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་ཏན་ཏིག་ངང་སྤེལ་ནས་རྒྱལ་ཁབ་ཀྱི་རེས་སྐོར་གསར་པའི་ནུབ་རྒྱུད་ཐོན་འབྱེད་ཆེན་མོར་ཞུགས་ཐུབ་ཕྱིར་ཡིན་པས། མཚོ་སྔོན་གྱི་དམངས་གཉེར་དཔལ་འབྱོར་གྱི་མ་དངུལ་གཏོང་འཇོག་མི་འདང་བ་དང་། ཤེས་ལྡན་པ་དཀོན་པ། ལག་རྩལ་མཁས་པ་ཉུང་བ། གསར་གཏོད་ནུས་པ་ཞན་པ་སོགས་ཀྱི་གནད་དོན་ཞི་ལྷོད་དུ་གཏོང་བར་ཕན་ཐོགས་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་གྱིས་ཚོང་འགུགས་མ་དངུལ་ནང་འདྲེན་རྣམ་གྲངས་ཀྱི་གན་འཇོག་གྲུབ་འབྲས་དེ་སྐབས་འདིའི་མཐོ་རིམ་འདུ་ཚོགས་བདེ་བླག་ངང་སྤེལ་བའི་མཚོན་བྱེད་གལ་ཆེན་དུ་བརྩིས་ཏེ། ཚོང་འགུགས་དང་མ་དངུལ་ནང་འདྲེན་གྱི་དམིགས་ཚད་སྒོར་དུང་ཕྱུར1000གཏན་འཁེལ་བྱས་པ་དང་། ལས་གཞི་འབྲེལ་སྦྱོར་ཚན་ཆུང་བརྒྱད་སྒྲིག་འཛུགས་བྱས་ནས་རྟོག་ཞིབ་ཚོང་མོལ་བྱ་རྒྱུ་རེད། ད་སྔ་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་དམངས་གཉེར་ཁེ་ལས46སྔ་རྗེས་སུ་མཚོ་སྔོན་ལ་རྟོག་ཞིབ་ཏུ་ཡོང་ཡོད་ཅིང་། དེ་ལས་ཅིན་ཐེན་ཉི་འོད་སྡེ་ཤོག་དང་། ཏུང་ཧྲེན་ཚན་རྩལ་ཀུང་སི། ཀྲུང་ཐུང་སྡེ་ཤོག་སོགས་ཁེ་ལས་ཁག་གིས་འབྲེལ་ཡོད་ས་ཁུལ་དང་གླིང་ཁུལ་བར་མཉམ་ལས་ཀྱི་འདོད་འདུན་བཞག་པ་མ་ཟད། མ་དངུལ་གཏོང་འཇོག་གི་མཉམ་ལས་གྲོས་ཆིངས་ཡང་བཞག་ཡོད་པ་རེད། ཟླ8ཚེས19ཉིན་བར་གན་རྒྱ་འཇོག་རྩིས་ཡོད་པའི་ལས་གཞི229སྟེ། ཁྱོན་མ་དངུལ་སྒོར་དུང་ཕྱུར1100ལ་སླེབས་ཤིང་། དམིགས་ཚད་ལས་འགན་གྱི110%ལེགས་གྲུབ་བྱུང་ནས་ཚོང་འགུགས་དང་མ་དངུལ་ནང་འདྲེན་ལས་དོན་ལ་ཕན་འབྲས་བཟང་པོ་ཐོབ་པས། དམངས་གཉེར་ཁེ་ལས་སྟོབས་ཆེན500ཡི་མཐོ་རིམ་འདུ་ཚོགས་ཐུགས་གྲ་ལེགས་འགྲིག་ངང་འཚོག་པར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།


  

ཇུས་གཞི་སྤྱིའི་བླང་བྱ་གཞིར་བཟུང་། དམངས་གཉེར་ཁེ་ལས་ཀྱིས་མཚོ་སྔོན་གྱི“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཕེལ་རྒྱས་ཚོགས་ཆེན་ལ་རོགས་བྱས་ཏེ་ལས་གཞིར་ཐུན་མོང་ཐོག་ནས་གྲོས་ཆིངས་འགོད་པར་སྐུལ་འདེད་བཏང་ཡོད་པ་སྟེ། གན་རྒྱ་འཇོག་རྩིས་ཡོད་པའི་རྣམ་གྲངས་ཚང་མ་ཐོག་མར་ཕྱོགས་སྡོམ་བྱས་ཐོག ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་ཚོང་འགུགས་དང་མ་དངུལ་ནང་འདྲེན་གྱི་ས་ཁུལ་(གླིང་ཁུལ)གཙོ་བོ་གསུམ་བར་གྱི་གན་འཇོག་ལས་གཞི་གཙོར་བཟུང་ཞིང་། ཞོར་ལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་ཁོངས་འཕེལ་རྒྱས་ཀྱི་འབྲེལ་ཡོད་ལས་གཞིར་བསམ་བློ་བཏང་ནས་མི་དམངས་གློག་ཆས་སྡེ་ཤོག་གློག་སྐུད་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་གྱི་ལས་གཞི་དང་། བྱེ་འགྱུར་བཅོས་སྐྱོང་དང་བསང་སྡོང་(蛋白桑)ཐོན་ལས་ཁྱབ་གདལ་དཔེ་སྟོན་ལས་གཞི། ཏུང་དབྱང(མཚོ་སྔོན)ཚོང་ཚོགས“ཀྲུང་གོའི་རྡུལ་ཕྲན་གྲོང་ཤར་གྱི་སྒྲ་དབྱངས”མཐོ་རིམ་ཚན་རྩལ་གྱི་རིག་གནས་ཡུལ་སྐོར་ལས་གཞི་སོགས་ལས་གཞི50 འདེམ་གསེས་བྱས་ནས་ཁྱོན་སྡོམ་མ་དངུལ་དུང་ཕྱུར636གི་རིམ་པར་ཐུན་མོང་ཐོག་གྲོས་ཆིངས་བཞག

ད་ཐེངས་ཀྱི་མཐོ་རིམ་འདུ་ཚོགས་ཐོག་དམངས་གཉེར་ཁེ་ལས་ཀྱིས་མཚོ་སྔོན་གྱི“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚོགས་ཆེན་ཆེད་མངགས་བཀོད་སྒྲིག་དང་།དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་དངུལ་རྩའི་ཞབས་ཞུ་འདོན་པའི་ཆེད་དོན་ས་ཚིགས་བཀོད་བྱས་ཏེ། དངུལ་རྩའི་སྒྲིག་གཞིས་དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་དམངས་གཉེར་པེ་ལས་འཕེལ་རྒྱས་ལ་ཞབས་ཞུ་བྱ་བར་འཁྲིད་སྟོན་བྱས་ཤིང་། ལྷག་པར་དུ་དབུས་ནུབ་རྒྱུད་ཀྱི་དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་དེ་བཞིན་དབུལ་སྒྲོལ་འགག་སྒྲོལ་ལ་གཞོགས་འདེགས་བྱ་བར་དམིགས་ནས། ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་ཆེད་དོན་ས་ཚིགས་སོགས་བཙུགས་ནས་ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་པ་རེད།

རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དྲིལ་སྒྲོག་སློབ་གསོ་པུའུ་ཡི་པུའུ་ཀྲང་ཝང་ཧྲང་ཁང་གིས། 1999ལོ་ནས་བཟུང་རང་རྒྱལ་གྱི་དམངས་གཉེར་ཁེ་ལས་ཆེ་འབྲིང་གི་གཉེར་སྐྱོང་དང་འཕེལ་རྒྱས་གནས་ཚུལ་གསལ་བོ་ཞིག་རྟོགས་ཆེད། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལོ་ལྟར་གཞི་ཁྱོན་ཆེ་བའི་དམངས་གཉེར་ཁེ་ལས་ལ་ལོ་རེར་བརྟག་ཞིབ་བྱས་ནས་ད་ལྟའི་བར་ལོ21སོང་ཡོད། བརྟག་ཞིབ་ཀྱི་དམིགས་ཡུལ་ནི་དམངས་གཉེར་ཁེ་ལས་ཆེ་འབྲིང་གི་གཉེར་སྐྱོང་གནས་ཚུལ་དང་། ལས་རིགས་ཀྱི་ཁྱད་ཆོས། ཁེ་ལས་དོ་དམ་སོགས་ཀྱི་གནས་ཚུལ་ལ་རྒྱུན་མཐུད་རང་བཞིན་གྱི་བརྟག་དཔྱད་བྱས་ཏེ། དམངས་གཉེར་དཔལ་འབྱོར་གྱི་འཕེལ་ཕྱོགས་ལ་དབྱེ་ཞིབ་དང་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ཞིབ་འཇུག་བྱས་ནས་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཁྲོད་གནས་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱ་བར་གྲངས་གཞིའི་རྨང་གཞི་མཁོ་འདོན་བྱ་བའི་ཕྱིར་ཡིན་ཟེར། 

ཁོན་ཐར་འཚོས་བསྒྱུར།