མཚོ་སྔོན་གྱིས་གནས་སྐབས་ཀྱི་དངོས་གོང་ཁ་གསབ་སྤྲད་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ8པའི་ཚེས21ཉིན། གསར་འགོད་པས་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། དངོས་གོང་འཕར་ནས་དཀའ་ཁག་ཅན་གྱི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ཤུགས་རྐྱེན་ཐེབས་ཚད་ཇེ་ཡང་དང་། ཡོང་འབབ་ཉུང་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་བྱ་ཆེད། ཟླ8པའི་ཚེས19ཉིན། ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་དམག་ཁོངས་ནས་བུད་པའི་དམག་མིའི་ལས་དོན་ཐིན་དང་མཉམ་འབྲེལ་སྒོས་སྤྱི་ཚོགས་རོགས་སྐྱོར་དང་ཚད་གཞི་འགན་ལེན། དངོས་གོང་འཕར་བའི་མཉམ་འབྲེལ་སྒྲིག་གཞི་བཙུགས་ཏེ། ཡོང་འབབ་ཉུང་བའི་མང་ཚོགས་ལ་གནས་སྐབས་ཀྱི་དངོས་གོང་ཁ་གསབ་གནང་བ་རེད།

རྒྱུས་ལོན་པ་ལྟར་ན། གནས་སྐབས་ཀྱི་དངོས་གོང་ཁ་གསབ་ཟླ8པ་ནས་ཟླ་རེར་གནང་རྒྱུ་ཡིན་ཞིང་། ཆ་རྐྱེན་དང་མ་མཐུན་ཚེ་ཁ་གསབ་སྤྲོད་མཚམས་འཇོག་རྒྱུ་རེད། ཞིབ་ཕྲའི་ཁ་གསབ་ཚད་གཞི་གཤམ་གསལ་ལྟར། གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་ཅན་དང་མཁར་གྲོང་གི་རྒྱལ་ཁབ་ཀྱི་དུས་བཀག་གཟིགས་སྐྱོང་ཁ་གསབ་ཅན་ལ་ཟླ་རེར་སྒོར43། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ཅན་དང་ཞིང་སྡེའི་རྒྱལ་ཁབ་ཀྱི་དུས་བཀག་གཟིགས་སྐྱོང་ཁ་གསབ་ཅན་ལ་ཟླ་རེར་སྒོར27། ཁ་འཐོར་ཅན་གྱི་དམིགས་གསལ་དཀའ་ངལ་ཅན་ལ་ཟླ་རེར་སྒོར64། གཅིག་བསྡུས་གསོ་སྐྱོང་བྱེད་པའི་མི་རེ་ལ་ཟླ་རེར་སྒོར71། ལས་ཤོར་འགན་སྲུང་དངུལ་ལེན་བཞིན་པའི་མི་རེ་ལ་ཟླ་རེར100ཡོད་པ་རེད།

དེ་དང་ལྷན་དུ། སྡེ་དག་སོ་སོས་ཁ་གསབ་ལེན་མཁན་གྱི་ཐོབ་ཐང་ལ་གཟབ་ནན་སྒོས་དཔྱད་ཞིབ་དང་ཁ་གསབ་སྤྲོད་པའི་སྒྲིག་རིམ་ཚད་ལྡན་དུ་བཏང་སྟེ། ཁ་གསབ་སྤྲོད་པའི་ཁྱབ་ཁོངས་དང་ཚད་གཞི། ཁ་གསབ་ལེན་མཁན་བཅས་དུས་ལྟར་སྤྱི་སྒྲོག་བྱ་དགོས་པར་མ་ཟད། ཟླ་རེར་ཚེས30སྔོན་ལ་ཁ་གསབ་སྤྲད་དེ་འབྲེལ་ཡོད་བྱ་བ་ཕྱི་གསལ་ནང་གསལ་ཞིག་ཡོང་པར་འགན་ལེན་བྱ་རྒྱུ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།