རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་དམ་བཅའ་འཇོག་པའི་ཚོགས་ཆེན་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ8པའི་ཚེས19ཉིན། རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་དམ་བཅའ་འཇོག་པའི་ཚོགས་ཆེན་སྟོད་པ་རྒྱལ་ཁབ་མཐོ་སྒང་ལུས་རྩལ་སྦྱོང་བརྡར་རྟེན་གཞི་ནས་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་ལུས་རྩལ་པ152ཐེངས་འདིའི་རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་སྡུར་ནང་ཞུགས་རྒྱུ་ཡིན་པས། འདི་ནི་མཚོ་སྔོན་རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་ཚོགས་ལ་ཞུགས་པའི་ལས་གཞི་དང་མི་གྲངས་ཆེས་མང་པའི་ཐེངས་ཤིག་རེད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་དང་། ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་གཉིས་ཚོགས་འདུར་ཞུགས་པ་རེད།

མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འཐུས་ཚབ་ཚོགས་པར་དར་ཆ་གནང་ཞིང་། ལུས་རྩལ་པ་ཡོངས་ཀྱིས་ནུས་ཤུགས་ཡོད་རྒུས་ཐེངས་འདིའི་འགྲན་སྡུར་ཁྲོད་ཆུ་ཚད་མངོན་ཐུབ་པ་དང་གྲུབ་འབྲས་བཟང་པོ་བླངས་ནས་མི་རིགས་སོ་སོའི་མཐུན་སྒྲིལ་འབད་འཐབ་དང་བདེ་ཐང་ཡར་རྒྱས་ཀྱི་བསམ་པའི་རྣམ་པ་མངོན་པར་བྱེད་རྒྱུའི་རེ་བ་བཏོན་པ་རེད། དབྱང་ཧྥིན་ཁྲུན་གྱིས་མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པ་དངོས་སུ་བཙུགས་པ་ཁྱབ་སྒྲོག་བྱས་པར་མ་ཟད། མཚོ་སྔོན་འཐུས་ཚབ་ཚོགས་པས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས་མཚོ་སྔོན་གྱི་ཆེད་དུ་གཟི་བརྗིད་ལེན་པ་དང་མཚོ་སྔོན་གསར་པའི་གཏམ་རྒྱུད་ལེགས་པོར་བརྗོད་ཐུབ་པའི་སྨོན་འདུན་ཞུས་པ་རེད།

ཤེས་རྟོགས་བྱུང་པ་ལྟར་ན། རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ་དེ་ཟླ9པའི་ཚེས8ཉིན་ནས་ཚེས16ཉིན་བར་ ཧི་ནན་ཞིང་ཆེན་ཀྲེན་ཀྲོའུ་གྲོང་ཁྱེར་དུ་གཉེར་རྒྱུ་ཡིན་ཞིང་། དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་བསླེབས་རྗེས་ཐོག་མར་གཉེར་བའི་ཕྱོགས་བསྡུས་རང་བཞིན་གྱི་མི་རིགས་ལུས་རྩལ་ཆེ་གྲས་ཤིག་རེད། རང་ཞིང་གི་ལུས་རྩལ་པ152ཤིང་གྲུག་དང་། ཐེ་པེད་སྤོ་ལོ། ཏིང་ཅ་སྤོ་ལོ། ཤིང་རྐང་འགྲན་རྒྱུག ལྷམ་ལེབ་འགྲན་བསྡུར། མི་རིགས་ཀྱི་དྲག་རྩལ་འགྲན་སྡུར། མི་རིགས་ཀྱི་སྦེ་ག་འགྲན་པ། མི་རིགས་ཀྱི་རྟ་རྩལ་དང་མི་རིགས་ཀྱི་ལུས་སྦྱོང་ལུས་རྩལ་སོགས་འགྲན་སྡུར་ལས་གཞི10ལ་ཞུགས་རྒྱུ་དང་། འཇའ་རིས་ལྷ་མདའ། སཱ་ལར་ཞབས་བྲོ། རྟ་གོང་བུའུ་འཕེན། རྟ་གོང་རྡོ་གསིར། ཁམས་པའི་སྐྱ་རྩལ། རྟ་གཉིས་མཉམ་བཞོན་སོགས་འཁྲབ་སྟོན་ལས་གཞི7ཡོད་པ་རེད།

ཚོགས་འདུའི་རྗེས་སུ། མགོན་པོ་བཀྲ་ཤིས་དང་དབྱང་ཧྥིན་ཁྲུན་གཉིས་ཀྱིས་ལུས་རྩལ་པས་འགྲན་སྡུར་ལ་གྲ་སྒྲིག་བྱེད་པར་ཞིབ་བཤེར་བྱས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།