མཚོ་སྔོན་གྱི་འཐུས་མི་ཚོགས་པ་རྒྱལ་ཡོངས་ཀྱི་སྐབས་བཅུ་པའི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་དང་སྐབས་བདུན་པའི་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་སྐུལ་སློང་ཚོགས་འདུའི་སྟེང་ཞུགས་པ།

— མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་པ50ལས་གཞི་ཆེ་གྲས8དང་ལས་གཞི་ཆུང་གྲས130ལྷག་ཙམ་གྱི་འགྲན་སྡུར་ནང་ཞུགས་རྒྱུ་རེད།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ8པའི་ཚེས19ཉིན། མཚོ་སྔོན་གྱི་འཐུས་མི་ཚོགས་པ་རྒྱལ་ཡོངས་ཀྱི་སྐབས་བཅུ་པའི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་དང་སྐབས་བདུན་པའི་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་སྐུལ་སློང་ཚོགས་འདུའི་སྟེང་ཞུགས་ཤིང་། ཧྲེན་ཀྲང་གཞོན་པ་ཁོང་ཡུང་གིས་གཏམ་བཤད་པ་རེད།

ཁོང་ཡུང་གིས་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ནས་འགྲན་སྡུར་ནང་ཞུགས་མཁན་གྱི་ལུས་རྩལ་པ་དང་རྩལ་ཁྲིད་པ་ཚོར་སྨོན་འདུན་བཟང་པོ་ཞུས་པ་དང་། རྒྱལ་ཡོངས་ཀྱི་སྐབས་བཅུ་པའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་དང་སྐབས་བདུན་པའི་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ལ་གྲ་སྒྲིག་བྱ་ཆེད་དཀའ་སྤྱད་ངལ་རྩོལ་འབུལ་བའི་རྒྱ་ཆེའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་པར་བྱམས་བརྩེའི་འཚམས་འདྲི་གནང་བ་རེད། ཁོས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔར་ནས་བཟུང་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ལ་དོ་ཁུར་དང་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགུལ་སྐྱོད་ཐད་སྲོལ་རྒྱུན་བཟང་པོ་དང་རྨང་གཞི་བཟང་པོ་ཡོད་ཅིང་། ཉེ་བའི་ལོ་ཤས་རིང་། རང་ཞིང་གི་མང་ཚོགས་རང་བཞིན་གྱི་ལུས་རྩལ་བྱེད་སྒོ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་། རྒྱ་ཆེའི་དབང་པོ་སྐྱོན་ཅན་གྱིས་ལུས་རྩལ་སྦྱོང་བརྡར་དང་བདེ་ཐང་སླར་གསོའི་ལུས་སྦྱོང་བྱས་པ་བརྒྱུད། ལུས་ཕོང་བདེ་ཐང་དུ་ཕྱིན་པ་དང་། སྤྱི་ཚོགས་ཀྱི་འཚོ་བའི་ནང་ཞུགས་པའི་ནུས་པ་ཆེ་རུ་ཕྱིན་པ། ལུས་རྩལ་པས་འགྲན་སྡུར་ནང་ཞུགས་པའི་ཉམས་མྱོང་བསགས་ནས། འགྲན་སྡུར་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད་ཟེར།

རྒྱལ་ཡོངས་ཀྱི་སྐབས་བཅུ་པའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་དང་སྐབས་བདུན་པའི་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཟླ8པའི་ཚེས25ཉིན་ནས་ཟླ9པའི་ཚེས2ཉིན་བར་ཐེན་ཅིན་དུ་འཚོག་རྒྱུ་ཡིན་ཞིང་། རང་ཞིང་གི་ལུས་རྩལ་པ50ལས་གཞི་ཆེ་གྲས8དང་ལས་གཞི་ཆུང་གྲས130ལྷག་ཙམ་གྱི་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།