ལིག་ཉིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལྟར་ན།སྤྱི་ཟླ8པའི་ཚེས20ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ་དང་། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་བསྡུས་པར་རྟེན་འབྲེལ་འཕྲིན་ཡིག་བསྐུར་གནང་མཛད་པའི་དགོངས་དོན་བརྒྱུད་སྒྲོག་དང་དེར་སློབ་སྦྱོང་མཐར་ཕྱིན་བྱས་པ་དང་། འཇོན་ཐང་མི་སྣར་སྣེ་འདོམས་བྱས་ཏེ་དཀའ་ངལ་ཆེ་ཞིང་བས་མཐའ་ཡིན་པའི་ས་ཁུལ་དང་གཞི་རིམ་ས་ཆར་འགྲོ་བར་སྐུལ་ལྕག་གཏང་རྒྱུ་དང་། སྔར་ལས་ལྷག་པའི་སྒོ་ནས་དམངས་གཉེར་དང་ཁེ་ལས་ཆུང་གྲས་ཀྱི་དངུལ་རྩའི་ཞབས་ཞུ་གཏིང་ཟབ་ཏུ་སྤེལ་བ། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་ལ་སྐུལ་འདེད་གཏང་བ། ཞིང་ཆེན་དུ་གཏོགས་པའི་ཁེ་ལས་འགོ་ཁྲིད་མི་སྣའི་དོ་དམ་སོགས་ཀྱི་ལས་རིམ་ལ་ཞིབ་འཇུག་བྱས་པ་རེད།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་བསྡུས་པར་རྟེན་འབྲེལ་འཕྲིན་ཡིག་བསྐུར་གནང་མཛད་པ་དེས། གླེང་སྟེགས་བཟང་པོར་བསྒྲུབ་པ་ལ་རེ་ལྟོས་ཆེན་པོ་འཆང་བ་དང་། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་འཛུགས་སྐྲུན་ལ་བླང་བྱ་མངོན་གསལ་བཏོན་པར་མ་ཟད། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་བསྐྲུན་རྒྱུ་དང་། རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་བྱ་བར་སྐུལ་འདེད་གཏོང་བའི་གཞི་རྩའི་ཆོས་ཉིད་ཀྱང་ཡིན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་བསྐུར་གནང་མཛད་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་དང་དངོས་འབེབས་བྱེད་དགོས་ཟེར། རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ལག་བསྟར་བྱེད་ཀྱིན་པ་ནི་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོབ་དང་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་བྱེད་པ་བཅས་ཀྱི་བརྒྱུད་ལམ་གལ་ཆེན་ཞིག་ཡིན་པར་ངོས་འཛིན་ལེགས་པོ་བྱེད་དགོས་ལ། ཐེངས་འདིའི་གླེང་སྟེགས་ནི་འགོ་རྩོམ་ས་གསར་པར་བརྩིས་ཏེ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་བཏང་ནས། རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མཚོ་སྔོན་གྱིས་ཤེས་རབ་དང་ཉམས་མྱོང་བཟང་པོ་འབུལ་ཅི་ཐུབ་བྱ་དགོས་ཟེར།

གྲོས་ཚོགས་ལས་ལས་རིམ་གཞན་ལའང་ཞིབ་འཇུག་བྱས་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།