ཞིང་ཆེན་ལུས་རྩལ་ཅུའུ་ཡིས་བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ8པའི་ཚེས18ཉིན། ཞིང་ཆེན་ལུས་རྩལ་ཅུའུ་ཡིས་ནན་མིན་གཞིས་ཁྱིམ་གླིང་དུ་ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་གསར་རྐྱང་གི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། ཀྲི་པུའུ་ཁག་གི་ཏང་ཡོན་དང་མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་དང་ལེན་ཞུས་པ་དང་། ཏང་ཡོན་རྒན་གྲས་དང་བློ་མཐུན་རྒན་གྲས་སོགས་གདན་ཞུས་ལྟར་བྱེད་སྒོའི་ནང་ཞུགས་པ་རེད།

བྱེད་སྒོ་སྤེལ་བའི་རིང་དུ། ཞིང་ཆེན་ལུས་རྩལ་ཅུའུ་ཡི་ཅུའུ་ཀྲང་སྐལ་བཟང་ཚེ་རིང་གིས་རང་ཞིང་གི་ཉེ་ཆར་གྱི་འགྲན་སྡུར་བྱེད་སྒོ་གལ་ཆེན་སྤེལ་ཚུལ་དང་ལུས་རྩལ་ལ་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་བྱས་ཤིང་། རང་ཞིང་གི་ལུས་རྩལ་བྱ་གཞག་ལ་བྱས་རྗེས་གལ་ཆེན་འབུལ་མཁན་བློ་མཐུན་རྒན་གྲས་ལ་གུས་བཀུར་ཞུས་པ་དང་། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ཏང་ཡོན་རྒན་གྲས་དང་། བློ་མཐུན་རྒན་གྲས་ བཅས་ཡོངས་ལ་འཚམས་འདྲི་ཞུས་པ་བྱས་པ་རེད། སྐལ་བཟང་ཚེ་རིང་གིས་བསྟན་དོན། ཀྲུང་དབྱང་གིས་ཏང་ཡོངས་སུ་སྤེལ་བའི“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་པའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་། ལས་བྱེད་པ་རྒན་གྲས་ཀྱི་ཏང་ཀྲི་པུའུ་ཡིས་ཡུལ་བབ་དང་བསྟུན་ནས་ལས་བྱེད་པ་རྒན་གྲས་ཀྱི་ཏང་ཡོན་ཁྲོད་ལས་དོན་སྤེལ་དགོས་པ་དང་། ཏང་ཡོན་རྒན་གྲས་ཡོངས་ཀྱིས་ཐོག་མའི་བསམ་འདུན་མཐའ་འཁྱོངས་དང་། དད་སེམས་བརྟན་སྲུང་། གསར་བརྗེའི་རང་གཤིས་བརྟན་གཏོང་། སྤྱོད་ཚུལ་བཟང་པོ་དར་སྤེལ་བཅས་བྱས་ཏེ་ཏང་ཡོན་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོས་ཏང་གཤིས་ཀྱི་བྱང་ཚད་མཐོ་བ་དང་། སྤྲོ་སེམས་ཆེ་བ། དམིགས་བསལ་གྱི་ནུས་པ་འདོན་སྤེལ་བྱས་ནས། ལུས་རྩལ་བྱ་གཞག་དང་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་ལ་མུ་མཐུད་དུ་གཞོལ་རྒྱུའི་རེ་བ་ཡོད་ཟེར།

ཉིན་དེའི་བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་ལ་མངོན་གསལ་དོད་པས། སྔ་རྗེས་སུ“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་པའི”བརྗོད་བྱ་གཙོ་བོའི་སློབ་གསོར་སློབ་སྦྱོང་དང་། ཏང་འཛུགས་སྐྱོང་གི་ཤེས་བྱའི་ལན་འདེབས་བྱེད་སྒོ། ཞིང་ཆེན་ལུས་རྩལ་ཅུའུ་ཡི་སྐབས་དང་པོའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་གྲས་ཀྱི་མཐུན་འབྲེལ་ཚོགས་འདུ། སྐབས་དང་པོའི“ཁྱིམ་ཚང་བརྒྱའི”ཇ་མའི་སྒྱུ་རྩལ་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།