ཧུའུ་ཁྲུན་ཧྭ་ཡིས་རང་ཞིང་དུ་དབུལ་ཐར་འགག་སྒྲོལ་བྱ་བར་རྟོག་ཞིབ་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་8པའི་ཚེས20ཉིན་སྤེལ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཧུའུ་ཁྲུན་ཧྭ་ཡིས་མཚོ་སྔོན་ཞིང་ཆེན་དུ་དབུལ་ཐར་འགག་སྒྲོལ་བྱ་བར་རྟོག་ཞིབ་བྱས་པ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དབུལ་སྐྱོར་བྱ་བ་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་སྟེ། ནུས་ཤུགས་ཡོད་རྒུས་ཤིན་ཏུ་དབུལ་བའི་མཁར་རྫོང་མགྱོགས་མྱུར་མཁྲེགས་གཏོར་བྱས་ཏེ། ཤིན་ཏུ་དབུལ་བའི་ས་ཁུལ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་འགན་སྲུང་བྱ་དགོས་ཞེས་བསྟན།

མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་གྲོང་ཁྱེར་དང་། མཚོ་ལྷོ། མགོ་ལོག མཚོ་ལྷོ། རྨ་ལྷོ་ཁུལ་བཅས་ས་བབ་མཐོ་བའི་བོད་རིགས་ས་ཁུལ་དུ་གནས་པ་དང་། དབུལ་ཕོངས་ཀྱི་ཚད་མཐོ་བ་དང་། རྨང་གཞིའི་ཆ་རྐྱེན་ཞན་པ། དབུལ་འགྱུར་རྒྱུ་རྐྱེན་རྙོག་འཛིང་ཆེ་བ་རེད། ཧུའུ་ཁྲུན་ཧྭ་སྔ་རྗེས་སུ་ཡུལ་ཤུལ་གྲོང་ཁྱེར་དང་། རྨ་ཆེན་རྫོང་། འབའ་རྫོང་། རྩེད་ཁོག་རྫོང་། སོག་རྫོང་དང་རེབ་གོང་རྫོང་བཅས་སུ་ཕེབས་ཏེ། དབུལ་པོའི་གྲོང་གསེབ་ཏུ་བསྐྱོད་དེ“འགན་སྲུང་གསུམ”དང་འཐུང་ཆུའི་བདེ་འཇགས་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་ཤིང་། ཡུལ་དངོས་སུ་ཐོན་ལས་དབུལ་སྐྱོར་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སོགས་ཐད་ཀྱི་བྱ་བའི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད།

ཧུའུ་ཁྲུན་ཧྭ་ཡིས་བསྟན་དོན། ཆེས་དབུལ་ཕོངས་ཡིན་པའི་ས་ཁུལ་ནི་དབུལ་ཐར་འགག་སྒྲོལ་གྱི་ཤུགས་འདོན་ས་གཙོ་བོ་ཡིན་ལ། དབུལ་ཐར་འགག་སྒྲོལ་བྱ་བར་རྒྱལ་ཁ་ཐོབ་ཐུབ་མིན་གྱི་འགག་རྩ་ཡང་ཡིན་པར་བརྟེན་ནས། བློ་ཐག་རྦད་ཆོད་སྒོས“ས་ཁོངས་གསུམ་དང་ཁུལ་གསུམ” གྱི་དབུལ་ཐར་འགག་སྒྲོལ་ལག་བསྟར་ཇུས་གཞི་དངོས་འབེབས་དོན་འཁྱོལ་བྱས་ཤིང་། ད་ཡོད་དམིགས་འབེན་ཚད་གཞིར་འགྱུར་བ་མི་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ཤུགས་ཆེན་པོས་ཐོན་ཁུངས་རྒྱུ་རྐྱེན་གཙོ་བོ་ཆེས་དབུལ་ཕོངས་ཡིན་པའི་ས་ཁུལ་ཏུ་གཅིག་བསྡུ་བྱ་དགོས། “འགན་སྲུང་གསུམ” དང་འཐུང་ཆུའི་བདེ་འཇགས་ཁྲོད་གནས་པའི་འབུར་དུ་ཐོན་པའི་གནད་དོན་དག་ཐག་གཅོད་བྱ་རྒྱུ་དང་། སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་ཏན་ཏིག་གཏང་དགོས་ཞེས་བསྟན།

རྟོག་ཞིབ་བྱེད་སྐབས། ཧུའུ་ཁྲུན་ཧྭ་ཡིས་ད་དུང་གཞི་རིམ་ཆུ་དཔྱད་ས་ཚིགས་དང་གནམ་གཤིས་ས་ཚིགས་སུ་བྱ་བར་རྟོག་ཞིབ་དང་། གཞི་རིམ་གྱི་ལས་བྱེད་ལས་བཟོར་འཚམས་འདྲི་བྱས་པ་རེད།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་བཅས་ཁག་སོ་སོར་རྟོག་ཞིབ་བྱེད་རོགས་སུ་ཕེབས་པ་རེད།

ལོ་ཙཱ་བ། གཡང་སྐྱིད།