ལིག་ཉིང་གིས་སྐབས་དང་པོའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ཀྱི་ལས་བྱེད་མི་སྣ་དང་དང་བླངས་པར་འཚམས་འདྲི་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་ལྟར་ན། ཟླ8པའི་ཚེས20ཉིན་གྱི་ཕྱི་དྲོ། སྐབས་དང་པོའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་མཇུག་འགྲིལ་རྗེས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཧྲིན་ཀྲང་ལིག་ཉིང་གིས་གླེང་སྟེགས་ཀྱི་འབྲེལ་ཡོད་ལས་བྱེད་མི་སྣ་དང་དང་བླངས་པར་བྱམས་བརྩེའི་ངང་འཚམས་འདྲི་བྱས་ཤིང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལི་ཁྲུན་ལིའང་དང་ཧྲིན་ཀྲང་གཞོན་པ་ཐན་ཅིན་ཁྲིན་ལྷན་དུ་འཚམས་འདྲི་བྱེད་པ་རེད།

ལིག་ཉིང་གིས་ལས་བྱེད་མི་སྣ་དང་དང་བླངས་པར་ལག་འཇུ་བྱས་ནས་ཁ་བརྡ་བྱས་ཤིང་། ཚང་མས་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་གྲུབ་འབྲས་ཡོད་པར་གཉེར་ཆེད་དཀའ་སྤྱད་འབད་བརྩོན་བྱས་པར་ཁས་ལེན་གང་ལེགས་གནང་། ཁོང་གིས་སྐབས་འདིའི་གླེང་སྟེགས་ནི་གྲུབ་འབྲས་ཐོབ་པ་དང་། འཐུས་སྒོ་ཚང་བ། ངོ་མཚར་ལྡན་པ་བཅས་ཀྱི་གླེང་སྟེགས་ཤིག་ཡིན་ཞིང་། གླེང་སྟེགས་གཉེར་བ་བརྒྱུད་དེ། ང་ཚོས་རྒྱལ་ཁབ་སྤྱི་གླིང་གི་རེ་བའི་ས་བོན་བཏབ་པས་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཐད། སྔར་ལས་ལྷག་པའི་སྐུལ་འདེད་ཐེབས་རྒྱུ་ཡིན་པ་བསྟན། དེ་དང་ཆབས་ཅིག གླེང་སྟེགས་ལ་བརྒྱུད་ནས་ང་ཚོས་འཛམ་གླིང་དང་། རྒྱལ་ཡོངས། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ“རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་དང་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་བརྩེ་སེམས”ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད། “མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་བརྩེ་སེམས”མཛེས་ཤོས་ནི་མི་ཡིན་པས། གླེང་སྟེགས་ལ་གལ་ཆེའི་ཚོགས་དོན་འགན་སྲུང་མཁོ་འདོན་བྱེད་པའི་ལས་བྱེད་མི་སྣ་དང་དང་བླངས་པ་ཡིན་ཞིང་། དེ་ནི“མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་བརྩེ་སེམས”དེ་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། དེང་སྐབས། མིའི་རིགས་སྐྱེ་ཁམས་དཔལ་ཡོན་གྱི་དུས་རབས་གསར་པར་སྐྱོད་བཞིན་ཡོད་པས། ང་ཚོར་རེ་སྒུག་དང་རེ་བ་ཞིག་ཡོད་པ་ནི་མི་ཚང་མས་མིག་ལ་སྲུང་སྐྱོང་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་། ཚང་མས་ཚེ་སྲོག་ལ་སྲུང་སྐྱོང་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ། མཛེས་ལྗོངས་མི་ཡུལ་དུ་ནམ་ཡང་གནས་ཐུབ་པ་མ་ཟད། ད་དུང་རང་བྱུང་ལ་ལྷིང་འཇགས་དང་། ཞི་མཐུན། མཛེས་སྡུག་བཅས་ཡོང་རྒྱུའི་རེ་བ་འཆང་དགོས་ཟེར།

ལོ་ཙཱ་བ། གཡང་སྐྱིད།