ཆུའི་སྐྱེ་ཁམས་དཔལ་ཡོན་དང“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་ཀྱི་ཟུར་མང་ཚོགས་འདུ་འཚོགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ8པའི་ཚེས20ཉིན་གྱི་ཕྱི་དྲོར།  རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོས་ཆུའི་སྐྱེ་ཁམས་དཔལ་ཡོན་དང“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་ཟུར་མང་ཚོགས་འདུའི་བྱེད་སྒོ་སྤེལ་ཞིང་། རྒྱལ་ཁབ་པུའུ་ཨུ་དང་། ཁྱིམ་མཚེས་ཞིང་ཆེན། ཆུ་བེད་བཅས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་མི25འབྲེལ་འདྲིས་དང་མཉམ་སྤྱོད་བྱེད་སྒོའི་ནང་ཞུགས་ཡོད་པ་རེད། 

ཟུར་མང་ཚོགས་འདུས་གཙང་པོ་དང་མཚེའུའི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་དང་།ཆུ་གྲོན་ཆུང་སྔོན་ལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཆུའི་ཐོན་ཁུངས་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཀྲུང་ཧྭའི་ཆུ་མཛོད་ཇེ་བརྟན་དུ་གཏང་བ། གཙང་གསུམ་ལ་སྲུང་སྐྱོང་བྱེད་པ་སོགས་ཀྱི་ནང་དོན་ལ་དམིགས་ནས་ཕན་ཚུན་འབྲེལ་འདྲིས་དང་གནས་ཚུལ་མཉམ་སྤྱོད་བྱས་པ་རེད། འབྲི་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཆན་དང་། རྨ་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཞུའེ་སུང་ཀུའེ། བོད་ལྗོངས་ཆུ་བེད་ཐིང་གི་ཐིན་ཀྲང་གཞོན་པ་ཀྲའོ་ཧུའེ། མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་གི་ཐིན་ཀྲང་གཞོན་པ་ལིའུ་ཙེ་ཅུན། ཟི་ལིང་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་ཁྲེན་ཧུང་པིང་། ཡུལ་ཤུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧོ་པོ་བཅས་ཀྱིས《ས་མཐོའི་གཙང་པོ་དང་མཚེའུའི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་སྒོས“ཀྲུང་ཧྭའི་ཆུ་མཛོད”ལྗང་མདོག་བདེ་ཐང་སྲུང་སྐྱོང》《རྨ་ཆུའི་ཆུ་འགོ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་སྒོས་ཀྲུང་ཧྭའི་ཆུ་མཛོད་ཇེ་བརྟན་དུ་གཏང་བ། 》《བོད་ལྗོངས་ས་མཐོའི་གཙང་པོ་དང་མཚེའུ་དོ་དམ་སྒྲིག་སྲོལ་འཛུགས་སྐྱོང་ཁྲོད་ཀྱི་འཚོལ་ཞིབ་དང་རྒྱང་ལྟ》《འགན་འཁྲི་ཕྲག་ཏུ་བླངས་ནས“ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོང་བྱེད་པ》  《ཟི་ལིང་གྲོང་ཁྱེར་གྱི་ཆུའི་སྐྱེ་ཁམས་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་གྱི་ལག་ལེན་དང་བློ་སྒོ་འབྱེད་པ》《སྐྱེ་ཁམས་ལ་གཞི་ཚུགས་ནས་རྨ་འབྲི་རྫ་གསུམ་སྲུང་སྐྱོབ་བྱེད་པ》ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གཏམ་བཤད་སྤེལ། 

ཚོགས་ཞུགས་ཆེད་མཁས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“ཆུ་གྲོན་ཆུང་སྔོན་ལ་བྱེད་པ་དང་། བར་སྟོང་དོ་སྙོམས། མ་ལག་བཅོས་སྐྱོང་། ཕྱོགས་གཉིས་འཕེལ་ཤུགས”བཅས་ཀྱི་དུས་རབས་གསར་པའི་བྱེད་ཕྱོགས་རྨང་གཞིར་བྱས་ཏེ་ཆུའི་ཐོན་ཁུངས་དང་། ཆུའི་སྐྱེ་ཁམས། ཆུའི་ཁོར་ཡུག ཆུའི་གནོད་འཚེ་བཅས་སྤྱི་འདོམས་བཅོས་སྒྲིག་བྱེད་པའི་ཐད་སྔར་བས་ཁ་གསལ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཆུའི་སྐྱེ་ཁམས་དཔལ་ཡོན་དང“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་འཕེལ་རྒྱས་ཁྲོད་ཀྱི་ཞན་ཆ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་ཞིབ་འཇུག་བྱས་ནས་ཆུའི་སྐྱེ་ཁམས་སྲུང་སྐྱོང་གི་ཆེད་དོན་ཁྲིམས་སྲོལ་བཟོ་བ་དང་གཙང་གསུམ་ཆུ་འགོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། ས་མཐོའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གྱི་ནུས་པ་བརྟན་པོ་དང་ས་ཁོངས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་དགོས་པ་བསྟན་པ་རེད།

ལོ་ཙཱ་བ།རྟ་མགྲིན་དཔལ།