རྒྱལ་ནང་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་བརྗོད་དོན་ཐོག་མ་ཡིན་པའི་མུ་འབྲེལ་བརྙན་འཕྲིན་ཟློས་གར《གནས་མཆོག་ཨ་ཆེན་གངས་རྒྱབ》ཅེས་པ་བརྙན་ཕབ་བྱེད་པའི་འགོ་བརྩམས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ8ཚེས19ཉིན་བརྙན་འཕྲིན་ཟློས་གར《གནས་མཆོག་ཨ་ཆེན་གངས་རྒྱབ》ཅེས་པ་དེ“རྒྱལ་ཁབ་ཀྱི་སྤྱི་གླིང་དཔྱད་སྡུར་གླེང་རྟགས་སྐབས་དང་པོའི”སྟེང་བརྙན་ཕབ་འགོ་རྩོམ་པའི་བྱེད་སྒོ་སྤེལ། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཏང་རྩ་འཛུགས་མི་སྣ་ཁོངས་མི། ཅུའུ་ཀྲང་གཞོན་པ་ལིས་ཁྲུང་ལིའང་དང་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཀྲིན་བཅས་མུ་འབྲེལ་བརྙན་འཕྲིན་ཟློས་གར《གནས་མཆོག་ཨ་ཆེན་གངས་རྒྱབ》ཅེས་པ་དེ་བརྙན་ཕབ་བྱེད་པའི་མཛད་སྒོ་ལ་ཞུགས་པ་རེད།


ངོ་སྤྲོད་བྱུང་བ་ལས་ཤེས་གསལ་ལྟར་ན། བརྙན་འཕྲིན་ཟློས་གར་དེ་ནི་རང་རྒྱལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བརྗོད་བྱ་ཡིན་པའི་བརྙན་འཕྲིན་ཟློས་གར་ཐོག་མ་དང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པ་བརྗོད་བྱ་ཡིན་པའི་བརྙན་འཕྲིན་ཟློས་གར་ཐོག་མ། རྒྱལ་ཁབ་སྤྱི་གླིང་དུ་བརྙན་ཕབ་བྱས་པའི་བརྙན་འཕྲིན་ཟློས་གར་ཐོག་མ་བཅས་ཡིན། དུས་རབས་སྔོན་མའི་དུས་སྟོད་ལ་ཨ་ཆེན་གངས་རྒྱབ་ས་ཁུལ་གྱི་མི་རྣམས་ཀྱིས་གཙོད་སོགས་རི་སྐྱེས་སྲོག་ཆགས་རྩ་ཆེན་གསོད་པ་འགོག་སྲུང་བྱེད་པའི་ལོ་རྒྱུས་དེ་རྒྱབ་ལྗོངས་སུ་བྱས་ཏེ། མི་རབས་འགའ་ལ་གཙོད་ལ་སྲུང་སྐྱོབ་བྱེད་པའི་དཔའ་བོ་སྐོར་ཞིག་གི་གཏམ་རྒྱུད་དང་། ནང་སྒོས་སུ་ཀྲུང་དབྱང་གིས་བཏོན་པའི་རྒྱལ་ཁབ་ཀྱི་སྤྱི་གླིང་སྒྲིག་གཞི་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་ལ་ལེགས་སྒྲིག་བརྒྱུད། རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་དུ་གཙོད་ཇེ་མང་དུ་འཕེལ་བ་དང་གསའ་སོགས་མཐོ་སྒང་གི་སྲོག་ཆགས་རྩ་ཆེན་སྐོར་ཞིག་ཀྱང་གང་སར་རྒྱུ་བ་མཐོང་རྒྱུ་འདུག་པས། འདི་ལས་ཨ་ཆེན་གངས་རྒྱབ་མི་དམངས་ཀྱིས་རང་བྱུང་སྲུང་སྐྱོབ་དང་སྐྱེ་ཁམས་དོ་མཉམ་རྒྱུན་བསྲིངས། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པའི་འཚོ་བའི་འདུ་ཤེས་བརྟན་པོ་ཞིག་ལ་རེ་སྒུག་བྱས་ཡོད།

རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་དྲིལ་སྒྲོག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་མོའུས་ཧོང་གིས་བསྟན་དོན། བརྙན་མིག་གི་སྐད་ཆ་བརྒྱུད་དེ་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་གི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཐད་ལ་མངོན་གསལ་གྱི་གྲུབ་འབྲས་བླངས་ཡོད། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་དུས་རབས་ཀྱི་གོ་དོན་ཟབ་མོ་སྔོག་འདོན་གང་ལེགས་ཀྱིས་ལྟད་མོ་བ་དག་གིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོབ་བྱེད་པའི་བྱེད་ནུས་གལ་ཆེན་གྱི་ངོས་འཛིན་ནུས་པ་མཐོར་འདེགས་སུ་བཏང་ནས། མུ་འབྲེལ་བརྙན་འཕྲིན་ཟློས་གར《གནས་མཆོག་ཨ་ཆེན་གངས་རྒྱབ》དེ་སྐྱེ་ཁམས་ཤེས་ཡོན་དར་སྤེལ་དང་རྒྱལ་ཁབ་ཀྱི་སྤྱི་གླིང་འཛུགས་སྐྲུན། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པ་དྲིལ་སྒྲོག་བྱེད་པའི་བརྩམས་ཆོས་ལེགས་པོ་ཞིག་ཏུ་གྱུར་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།