མཚོ་སྔོན་རིག་གནས་དང་ཡུལ་སྐོར་ཐིང་། ཞིང་ཆེན་འཕྲོད་བསྟེན་ཨུ་ལྷན་བཅས་ཀྱིས་མཉམ་འབྲེལ་ཐོག་རྒྱ་བོད་སྨན་རྫས་ཀྱི་ཁམས་གསོའི་ཡུལ་སྐོར་ཐད་ནས་ཡིག་ཆ་བཏོན་པ།

གསར་འགོད་པས་ཉེ་ལམ་འབྲེལ་ཡོད་སྡེ་ཚན་ནས་ཤེས་གསལ་ལྟར་ན། ཉེ་ལམ་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་ཀྱིས《མཚོ་སྔོན་ཞིང་ཆེན་གྱི་རྒྱ་བོད་སྨན་རྫས་ཀྱི་ཁམས་གསོའི་ཡུལ་སྐོར་ལ་སྐུལ་བའི་སྐོར་གྱི་སློབ་སྟོན་བསམ་འཆར》ཞེས་པ་མཉམ་འབྲེལ་ཐོག་བཏོན་ནས། ཡུལ་སྐོར་དང་རྒྱ་བོད་སྨན་རྫས་མཉམ་སྤེལ་ལ་སྐུལ་འདེད་དང་རྒྱ་བོད་སྨན་རྫས་ཀྱི་ཁམས་གསོ་ཞབས་ཞུའི་ཁྱབ་ཁོངས་རྒྱ་བསྐྱེད་དེ་རང་རེའི་ཞིང་ཆེན་གྱི་རྒྱ་བོད་སྨན་རྫས་ཀྱི་ཁམས་གསོའི་ཡུལ་སྐོར་གྱི་རྣམ་པ་གསར་པ་བཏོད་ནས་ཡུལ་སྐོར་གྱི་མཚོན་རྟགས་གྲགས་ཅན་བཟོ་དགོས་པ་བསྟན་འདུག

ཁམས་གསོའི་ཡུལ་སྐོར་ནི་ཡུལ་སྐོར་དང་རྒྱ་བོད་སྨན་རྫས་མཉམ་སྤེལ་གྱི་རྣམ་པ་གསར་པ་ཞིག་ཡིན་ཞིང་། དེས་མི་དམངས་མང་ཚོགས་ཀྱི་ཉིན་རེར་འཕེལ་བཞིན་པའི་བདེ་ཐང་ཞབས་ཞུའི་དགོས་མཁོ་བསྐང་བ་དང་། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་དར་སྤེལ། རྒྱ་བོད་སྨན་རྫས་གོང་སྤེལ་མགྱོགས་པོ། ཡུལ་སྐོར་ལས་རིགས་བཅོས་སྒྱུར་རིམ་སྤར་ལ་སྐུལ་འདེད་བཅས་བྱེད་པར་དོན་སྙིང་གལ་ཆེན་པོ་ལྡན་པ་རེད། 《སློབ་སྟོན་བསམ་འཆར》ནང་དུ། 2025ལོར་བསླེབ་དུས་སུ་རྒྱ་བོད་སྨན་རྫས་ཁམས་གསོའི་ཡུལ་སྐོར་གྱི་རྨང་གཞི་སྒྲིག་ཆས་དང་དེ་བསྟུན་གྱི་ཞབས་ཞུའི་མཁོ་ཆས་ཆ་ཚང་བ་གཞི་རྩའི་ཐོག་བསྒྲིག་སྟེ། རྒྱ་བོད་སྨན་རྫས་ཁམས་གསོའི་ཡུལ་སྐོར་ཐོན་རྫས་མ་ལག་ཕུན་སུམ་ཚོགས་པོ་ཆགས་ཐུབ་པ་བྱ་རྒྱུ་དང་། རྒྱ་བོད་སྨན་རྫས་ཀྱི་ཁམས་གསོའི་ཡུལ་སྐོར་མི་འབོར་དེ་ཡུལ་སྐོར་སྤྱིའི་མི་འབོར་གྱི3%དང་། རྒྱ་བོད་སྨན་རྫས་ཀྱི་ཁམས་གསོའི་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར5 ལ་བསླེབ་ཐུབ་པ་བྱ་རྒྱུ་དང་། དེ་མིན་རྒྱ་བོད་སྨན་རྫས་ཀྱི་ཁམས་གསོའི་ཡུལ་སྐོར་དཔེ་སྟོན་ཁུལ་ལྔ་དང་ཁམས་གསོའི་ཡུལ་སྐོར་དཔེ་སྟོན་རྟེན་གཞི15བཅས་བསྐྲུན་ཏེ། རྒྱལ་ནང་དུ་སྙན་གྲགས་ཆེ་ཞིང་། རྒྱལ་སྤྱིའི་སྟེང་མཚན་སྙན་འབར་བའི་རྒྱ་བོད་སྨན་རྫས་ཀྱི་ཁམས་གསོའི་ཡུལ་སྐོར་ཞབས་ཞུ་སྟེ་ཁེ་ལས་འགྲན་རྩོད་ཀྱི་ཁྱད་ཆོས་མངའ་པའི་ཚོང་རྟགས་གྲགས་ཅན་སྐྱེད་སྲིང་བྱ་རྒྱུའི་སྐོར་བཏོན་འདུག

《སློབ་སྟོན་བསམ་འཆར》ནང་དུ་ད་དུང་། ཞིང་ཆེན་ཡོངས་ཀྱི་རྒྱ་བོད་སྨན་རྫས་ཀྱི་ཁམས་གསོའི་ཡུལ་སྐོར་བསྒྲུབ་པ་ལ་ཐོག་མར་ལས་གཞི་དམིགས་སར་འཛིན་པ་དང་རྟེན་གཞི་ལ་གཞི་བཅོལ་བ། འཇོན་མི་རྨང་གཞིར་འཇོག་པ། ཁྲོམ་ར་ཁྲིད་སྟོན་དུ་འཛིན་པ་དང་། མི་དམངས་མང་ཚོགས་ཀྱི་བདེ་ཐང་ཞབས་ཞུའི་དགོས་མཁོ་དམིགས་འབེན་དང་། མི་དམངས་ཀྱི་བདེ་ཐང་གི་ཚད་མཐོར་འདེགས་བྱེད་པ་འགོ་རྩོམ་ས་དང་རྐང་ཚུགས་ས་བྱས་ཏེ། རྒྱ་བོད་སྨན་རྫས་ཀྱི་ཁམས་གསོའི་ཡུལ་སྐོར་མཚོན་རྟགས་བཟོས་ནས་ཐོན་རྫས་གསར་གཏོད་དང་ཐོན་ལས་རྒྱ་ཆེར་གཏོང་བ། དཔེ་སྟོན་ཁུལ(རྟེན་གཞིའམ་ལས་གཞི)འཛུགས་སྐྲུན་བྱེད་པ། འཕེལ་རྒྱས་རྣམ་པ་དང་འཇོན་མིའི་དཔུང་སྡེ་སྐྱེད་སྲིང་བྱེད་པ། སྤྱི་གཞུང་ཞབས་ཕྱི་འཐུས་ཚང་གཏོང་བ། རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་བཅས་ཀྱི་ཆ་ལ་དོ་སྣང་བྱས་ཏེ། ཁྱད་ཆོས་གཟེངས་སུ་ཐོན་པར་བྱས་ནས། གསར་གཏོད་གསར་འབྱེད་ཀྱི་སྒོ་ནས་རྒྱ་བོད་སྨན་རྫས་དང་རིག་གནས་ཡུལ་སྐོར་ཐོན་ལས་གཉིས་མཉམ་སྤེལ་ལ་སྐུལ་འདེད་བཏང་ནས་རྒྱ་བོད་སྨན་རྫས་ཀྱི་ཁམས་གསོའི་ཡུལ་སྐོར་གོང་ནས་གོང་དུ་སྤེལ་བར་སྐུལ་སྤེལ་ཏན་ཏིག་བྱེད་དགོས་པའི་བླང་བྱང་ཡང་བཏོན་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།