2019ལོའི་《མི་རིགས་ཀྱི་རྩོམ་རིག》བོད་ཡིག་པར་མའི་རྩོམ་པ་པོ་དང་ལོ་ཙཱ་བའི་གསོ་སྦྱོང་འཛིན་གྲྭ་པེ་ཅིང་དུ་འཚོགས།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། སྤྱི་ཟླ་8ཚེས་17ཉིན།《མི་རིགས་ཀྱི་རྩོམ་རིག》དུས་དེབ་ཁང་གིས་གཙོ་གཉེར་བྱས་པའི་2019ལོའི《མི་རིགས་ཀྱི་རྩོམ་རིག》བོད་ཡིག་པར་མའི་རྩོམ་པ་པོ་དང་ལོ་ཙཱ་བའི་གསོ་སྦྱོང་འཛིན་གྲྭའི་དབུ་འབྱེད་མཛད་སྒོ་པེ་ཅིང་དུ་འཚོགས་པ་དང་།《མི་རིགས་ཀྱི་རྩོམ་རིག》གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཧྲེ་དབྱི་ཉིང་དང་། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཝན་དབྱིང་སོགས་མཛད་སྒོར་ཞུགས་ཡོད།

《མི་རིགས་ཀྱི་རྩོམ་རིག》བོད་ཡིག་པར་མ་2009ལོར་འགྲེམ་སྤེལ་བྱས་ཚུན། ཁྱོན་དུས་དེབ་61དཔེ་སྐྲུན་བྱས་པ་དང་། ལོ་ཙཱའི་བརྩམས་ཆོས་500ལྷག་ཙམ་དང་ཕ་སྐད་བརྩམས་ཆོས་100ལྷག་ཙམ་སྤེལ། ལོ་10ཡི་རིང་ལོ་ཙཱ་བ་བརྒྱ་ལྷག་ཙམ་ཡིག་སྒྱུར་ལས་དོན་ནང་ཞུགས་ནས་རྩོམ་རིག་བློ་སྦྱོང་ཡོད་ལ་ཆུ་ཚད་མཐོ་བའི་ལོ་ཙཱ་བའི་དཔུང་ཁག་ཅིག་ཀྱང་གྲུབ་ཡོད།

《མི་རིགས་ཀྱི་རྩོམ་རིག》བོད་ཡིག་པར་མ་གཏན་འཇགས་དང་གོ་རིམ་ལྡན་པའི་ངང་འགྲེམ་སྤེལ་བྱས་ཤིང་ཕ་སྐད་དང་ལོ་ཙཱའི་བརྩམས་ཆོས་ཕུལ་བྱུང་རབ་དང་རིམ་པ་བཏོན་པར་བོད་ཀྱི་རྩོམ་རིག་གི་སྡེ་དང་རྒྱ་ཆེའི་ཀློག་པ་པོའི་ཁས་ལེན་དང་གདེང་འཇོག་ཡག་པོ་ཐོབ་ཡོད་པ་དང་། གཞན་བོད་ཡིག་པར་མ་ད་དུང་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་3700ལྷག་ཙམ་ལ་འགྲེམ་སྤེལ་བྱས་པར་རྒྱ་ཆེའི་དགེ་འདུན་པས་དགའ་པོ་བྱེད་ཀྱི་ཡོད་པ་མ་ཟད། གྲྭ་བཙུན་རྩོམ་པ་པོ་དང་ལོ་ཙཱ་བ་ཁག་ཅིག་ཀྱང་གསོ་སྐྱོང་བྱས་ཡོད་པ་རེད།

《མི་རིགས་ཀྱི་རྩོམ་རིག》བོད་ཡིག་པར་མ་ནི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོང་བྱེད་པའི་མི་རིགས་སྲིད་ཇུས་གལ་ཆེན་དེའི་བྱེ་བྲག་གི་ལག་ལེན་དངོས་དང་མཚོན་བྱེད་ཅིག་ཡིན་པས། བོད་ཀྱི་རྩོམ་རིག་དར་རྒྱས་གོང་འཕེལ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བར་དགོས་ངེས་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭའི་འཚོགས་ཡུན་ཉིན་5ཡིན་པ་དང་། བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཀན་སུའུ་བཅས་ནས་ཡོང་བའི་རྩོམ་པ་པོ་དང་ལོ་ཙཱ་བ་20ལྷག་ཙམ་འཛིན་གྲྭར་ཞུགས་ཡོད། བོད་ཀྱི་རྩོམ་རིག་གསར་རྩོམ་དང་ལོ་ཙཱའི་དགོས་མཁོར་དམིགས་ཏེ་གསོ་སྦྱོང་འཛིན་གྲྭར་སློབ་ཚན་ཇུས་འགོད་ཞིབ་ཚགས་བྱས་ཡོད་པ་དང་། ཆེད་མངགས་རིག་རྩལ་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ལེའང་ཧུང་དབྱིང་དང་། ཀྲུང་དབྱང་ཏང་གི་སློབ་གྲྭའི་རིག་གནས་ལོ་རྒྱུས་པུའི་ཀྲུའུ་རེན་གཞོན་པ་དགེ་རྒན་ཆེ་མོ་བ་མའེ་ཅིང་ཀྲུང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་རྫོང་ས་གནས་ལོ་རྒྱུས་གཞུང་དོན་ཁང་གི་དེ་སྔའི་ཀྲུའུ་རེན་དང་། གཙོ་སྒྲིག་པ། རྩོམ་པ་པོ་གྲགས་ཅན་ཚེ་རིང་དོན་འགྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་གཙོ་སྒྲིག་པ་དང་སྙན་ངག་པ་གྲགས་ཅན་སྐྱབས་ཆེན་བདེ་གྲོལ་སོགས་ཆེད་མཁས་པ་དང་ཤེས་ཡོན་པ་གདན་འདྲེན་ཞུས་ཡོད་པས། ཕ་སྐད་རྩོམ་རིག་གསར་རྩོམ་དང་ལོ་ཙཱ་བྱེད་སྟངས། ད་དུང་ཀྲུང་གོའི་གནའ་དེང་རྩོམ་རིག་བརྩམས་ཆོས་གྲགས་ཅན་དང་རིག་གནས་སོགས་ཀྱི་སྐོར་ནས་སློབ་ཁྲིད་གནང་རྒྱུ་རེད།