ཨ་མདོ་བརྙན་འཕྲིན་དང་བརྙན་འཕྲིན་གྱི་སྐད་འཕྲིན་སྤྱི་སྟེགས་ལ་རྒྱལ་ཡོངས་ནས་གཟི་བརྗིད་མཚན་སྙན་ཐོབ་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ8པའི་ཚེས9ཉིན་ནས་ཚེས11ཉིན་བར། ཀྲུང་གོའི་ཚགས་དེབ་གསར་སྐྲུན་འཕེལ་རྒྱས་མནའ་འབྲེལ་དང་། ཀྲུང་གོའི་རྒྱང་སྒྲོག་བརྙན་འཕྲིན་སྒྱུ་རྩལ་མཐུན་ཚོགས། ཀྲུང་གོའི་སྨྱན་སྦྱོར་གསར་སྐྲུན་འཕེལ་རྒྱས་ལོ་ཚོགས་ཀྱི་རྩ་འཛུགས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གཙོ་སྒྲུབ་གནང་བའི2019ལོའི་ཀྲུང་གོའི་སྨྱན་སྦྱོར་གསར་སྐྲུན་འཕེལ་རྒྱས་ལོ་ཚོགས་དང་ཀྲུང་གོའི་སྨྱན་སྦྱོར་ཆེ་གྲས་བརྒྱ་ཡི་གསར་བཏོད་འཕེལ་རྒྱས་ལ་གཞི་རྒྱ་ཆེ་བའི་བརྟག་དཔྱད་ཞིབ་འཇུག་བྱས་པའི་མཇུག་འབྲས་ཁྱབ་སྒྲོག་དེ་ཧེ་ལུང་ཅང་ཞིང་ཆེན་གྱི་ཅ་མོ་སི་གྲོང་ཁྱེར་ནས་བསྡུས་ཤིང་། དེ་ལས་ཨ་མདོ་བརྙན་འཕྲིན་དང་ཀོང་ཏུང་བརྙན་འཕྲིན། ཧི་པེ་བརྙན་འཕྲིན། ཅིས་ལིན་བརྙན་འཕྲིན། ཡུལ་སྐོར་བརྙན་འཕྲིན་བཅས་འཁོར་སྐར་འཕྲིན་ལམ5ལ“ཀྲུང་གོའི་སྨྱན་སྦྱོར་གསར་བཏོད་འཕེལ་རྒྱས་ཁྲོད་ཤུགས་རྐྱེན་ཆེས་ཆེ་བའི་བརྙན་འཕྲིན”ཞེས་པའི་མཚན་སྙན་ཐོབ་པ་དང་། གཞན་ཨ་མདོ་བརྙན་འཕྲིན་དང་ཅིས་ལིན་བརྙན་འཕྲིན། ཀོང་ཏུང་རོལ་དབྱངས་བརྙན་འཕྲིན་བཅས་ཀྱི་སྐད་འཕྲིན་སྤྱི་སྟེགས་ལ“ཀྲུང་གོའི་སྨྱན་སྦྱོར་གསར་བཏོད་འཕེལ་རྒྱས་ཁྲོད་ཤུགས་རྐྱེན་ཆེས་ཆེ་བའི་རྒྱང་སྒྲོག་བརྙན་འཕྲིན་གྱི་སྐད་འཕྲིན་སྤྱི་སྟེགས”ཞེས་པའི་མཚན་སྙན་ཡང་ཐོབ་པ་རེད།

ཨ་མདོ་བརྙན་འཕྲིན་གྱིས་སྔར་ལས་ལྷག་པའི་སྒོ་ནས་རྒྱ་ཆེའི་ལྟ་མཁན་ཡོངས་ལ་སྲིད་ཇུས་དྲིལ་སྒྲོག་དང་བརྡ་འཕྲིན་ཁྱབ་སྤེལ་གྱི་ཞབས་ཞུ་ལེགས་པར་བསྒྲུབ་པ་དང་། ཨ་མདོ་བརྙན་འཕྲིན་གྱི་ལེ་ཚན་དང་བོད་ཁུལ་གྱི་གསར་འགྱུར་བརྡ་འཕྲིན་དུས་ཐོག་ཏུ་ཁ་པར་བརྒྱུད་ནས་ལྟ་ཐུབ་པའི་སྟབས་བདེ་བཟོ་ཆེད། གཞུང་ཕྱོགས་ཀྱི་སྐད་འཕྲིན་སྤྱི་སྟེགས་འདི་ཐོ་འགོད་སྒྲུབ་གཉེར་བྱས་ཤིང་། ད་ལྟའི་བར་དུ་བརྙན་འཕྲིན་ལེ་ཚན་དང་། གཞས་གསར་གསར་སྤེལ། གསར་འགྱུར་བརྡ་འཕྲིན་ལ་སོགས་པ་སུམ་བརྒྱ་ལྷག་སྤེལ་ཅིང་། དོ་ཁུར་བྱེད་མཁན་མི་གྲངས་ཁྲི་བཅུ་ལྷག་བརྒལ་ནས་ཨ་མདོ་བརྙན་འཕྲིན་གྱི་ལེ་ཚན་ཙམ་དུ་མ་ཟད། བོད་ཁུལ་གྱི་གསར་འགྱུར་བརྡ་འཕྲིན་རྒྱུས་ལོན་བྱེད་སའི་སྨྱན་བྱད་གསར་བའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།