ཏང་གི་འོད་ཟེར་གངས་ཅན་ལྗོངས་སུ་འཕྲོས།

བོད་ལྗོངས་སུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བར་རྗེས་དྲན་ཞུ་བ།

ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་།

ད་ལོ་ནི་བོད་ལྗོངས་སུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བའི་ལོ་ཡིན། གཟབ་རྒྱས་ངང་བོད་ལྗོངས་སུ་དམངས་གཙོའི་བཅོས་སྒྱུར་ཏེ་མིའི་རིགས་བཅིངས་འགྲོལ་གཏོང་བའི་ལོ་རྒྱུས་ཐོག་མཛེས་མདངས་ཡུན་བརྟན་གྱི་རླབས་ཆེའི་བྱེད་ཐབས་འདི་ལ་དྲན་གསོ་ཞུ་བ་དང་། ང་ཚོས་གཏིང་ཟབ་མོའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཁྱད་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་བརླིང་ཡོང་དགོས་པའི་གལ་ཆེའི་རྒྱས་བཤད་ལག་བསྟར་དང་། ཏང་གི་བོད་སྐྱོང་བྱེད་ཕྱོགས་རྒྱུན་འཁྱོངས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པའི་སྟེང་ཡུན་རིང་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བར་སྐུལ་འདེད་གཏོང་བའི་སྐུལ་སློང་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་ལས་བོད་ལྗོངས་ཀྱི་ལེའུ་ཡག་པོ་འབྲི་བར་ཧ་ཅང་གལ་ཆེ་བའི་དོན་སྙིང་ལྡན།

གཅིག བོད་ལྗོངས་སུ་དམངས་གཙོའི་བཅོས་སྒྱུར་གྱི་ཉམས་པ་མེད་པའི་རྡོ་རིང་ཞིག་བཙུགས་ཏེ། བོད་ལྗོངས་དར་རྒྱས་གོང་འཕེལ་ཕྱིན་པའི་མདུན་ལམ་གསར་པ་ཕྱེ།

དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། བོད་ལྗོངས་ནི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་འོག་ཏུ་ཚུད་ཡོད། ཞིང་བྲན་བདག་པོའི་གྲལ་རིམ་གྱིས་རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་ལ་ཧ་ཅང་ཉམ་ང་བའི་ཆབ་སྲིད་གཉའ་གནོན་དང་དཔལ་འབྱོར་བཤུ་གཞོག་བྱས་ཏེ། མི་དམངས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་པ་དང་འཚོ་གནས་བྱེད་དཀའ་བར་གྱུར་ནས། སྤྱི་ཚོགས་ནི་ཧ་ཅང་དབུལ་ཕོངས་རྗེས་ལུས་དང་བཀས་བཀོད་དུ་ཁུམ་པའི་རྣམ་པ་རུ་ཚུད་ཡོད།

རྒྱལ་སྤྱིའི་ཀྲུང་གོ་ལ་ངོ་རྒོལ་བྱེད་པའི་སྟོབས་ཤུགས་ཀྱིས་དཀྲུག་བཤད་དང་རྒྱབ་སྐྱོར་གྱི་འོག་ཏུ། 1959ལོའི་ཟླ་3ཚེས་10ཉིན། བོད་ལྗོངས་ཀྱི་མཐོ་རིམ་ཚོགས་པས་དུས་ཡུན་རིང་པོའི་ནང་བློ་ཞིབ་མོས་ཇུས་འགོད་བྱས་ཏེ་ཕྱོགས་ཡོངས་ནས་དྲག་ཆས་ངོ་ལོག་ཟིང་འཁྲུག་བསླངས་པ་དང་ཏཱ་ལི་སྐུ་ཕྲེང་བཅུ་བཞི་པ་རྒྱ་གར་དུ་བྲོས། 1959ལོའི་ཟླ་3ཚེས་28ཉིན། ཀྲུའོ་ཨེན་ལའེ་ཙུང་ལིས་བཀའ་གནང་སྟེ་བོད་ལྗོངས་ཀྱི་ས་གནས་སྲིད་གཞུང་ཐོར་འགྲོལ་གཏོང་བ་དང་། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བོད་ལྗོངས་ས་གནས་སྲིད་གཞུང་གི་འགན་དབང་ལག་བསྟར་བྱས་ཤིང་། བོད་ལྗོངས་མི་དམངས་ཀྱིས་དམངས་གཙོ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་འབད་འབུངས་བྱེད་དགོས་པའི་འབོད་སྐུལ་བཏང་། ཞིང་བྲན་བརྒྱ་ཕྲག་གིས་ཏང་གིས་འགོ་ཁྲིད་འོག་ཏུ། ཚ་ཚ་འུར་འུར་དང་རྦ་རླབས་དགུང་འཕྱུར་གྱི་དམངས་གཙོའི་བཅོས་སྒྱུར་ལས་འགུལ་ཐེངས་ཤིག་སྤེལ་ཏེ། བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་བདག་པོའི་གྲལ་རིམ་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་དང་སྤྱི་ཚོགས་ལམ་ལུགས་བཅས་རྩ་གཏོར་བཏང་ནས་བོད་ལྗོངས་ལོ་རྒྱུས་ཀྱི་དུས་རབས་གསར་པ་ཕྱེ་བ་དང་། འཛམ་གླིང་གི་ཡང་རྩེར་ཉམས་པ་མེད་པའི་རྡོ་རིང་ཞིག་བཙུགས་པ་རེད།

ཞིང་བྲན་བརྒྱ་ཕྲག་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་རང་ཁྱིམ་རང་གིས་བདག་པོ་བྱས། དམངས་གཙོའི་བཅོས་སྒྱུར་གྱིས་མཐའ་གཏུགས་ནས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ས་འོག་ཏུ་སྦས་པ་དང་། གཞི་རྩའི་ཐོག་ནས་ཞིང་བྲན་གྱིས་ཞིང་བྲན་བདག་པོར་མི་ལུས་བཅོལ་བའི་འབྲེལ་བ་རྩ་མེད་བཟོས། སྔོན་གྱི་“སྐད་ཆ་བཤད་ཤེས་པ་ཙམ་གྱི་ལག་ཆ་”ནི་ཁྱིམ་ཡོད་པ་དང་། ལས་ཀ་ཡོད་པ། ལ་རྒྱ་ཡོད་ཅིང་རང་དབང་ཡོད་པའི་སྤྱི་དམངས་སུ་གྱུར། ཞིང་བྲན་བརྒྱ་ཕྲག་གིས་སྐྱེས་ནས་བཟུང་འདྲ་མཉམ་ཡིན་པའི་དུས་རབས་བསུ་ཡོང་བ་རེད། ཡར་ལངས་བཅིངས་འགྲོལ་ཐོབ་པའི་ཞིང་བྲན་བརྒྱ་ཕྲག་གིས་ཏང་གི་མཐུན་སྒྲིལ་དང་འགོ་ཁྲིད་འོག་མི་དམངས་སྲིད་དབང་འཛུགས་པ་དང་། བདག་པོའི་ཐོབ་ཐང་སྒོས་རྒྱལ་ཁབ་དང་བོད་ལྗོངས་ཀྱི་ས་གནས་སོ་སོའི་བྱ་གཞག་དོ་དམ་ནང་ཞུགས་པ་དང་། རང་ཁྱིམ་རང་བདག་གི་དབང་ཆ་སྤྱོད་པ་རེད། བོད་ལྗོངས་སྤྱི་ཚོགས་ལམ་ལུགས་ཀྱི་ཚབས་ཆེ་བའི་མཆོང་བརྒལ་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྟོབས་ལྡན་གྱི་འགན་སྲུང་མཁོ་འདོན་བྱས་པ་དང་། མི་རིགས་ཁག་གི་མི་དམངས་རྣམས་དེ་ནས་བཟུང་རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་བདེ་བགྲོད་ལམ་ཆེན་དུ་བསྐྱོད་པ་རེད།

སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་ཆེན་པོ་དང་འཕེལ་རྒྱས་ཆེན་པོ་བྱུང་ཡོད། བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་མཇུག་བསྒྲིལ་བ་དང་། ཞིང་བྲན་བརྒྱ་ཕྲག་ལ་ཐེངས་དང་པོ་རང་ཉིད་ཀྱི་ས་ཞིང་དང་ཐོན་སྐྱེད་རྒྱུ་ཆ་ཡོད་པར་གྱུར། ངལ་རྩོལ་པས་རང་ཉིད་ཀྱི་རྨོ་ཞིང་དང་འབྲོག་རའི་ཐོག་ངལ་རྩོལ་སྤེལ་ནས་འབྲས་བུ་ཐོབ་ཆོག་ལ། ཐོན་སྐྱེད་རྒྱུ་ཆ་དང་འཚོ་བའི་རྒྱུ་ཆ་ལ་རང་མོས་ཀྱིས་བཀོལ་སྤྱོད་བྱེད་དབང་ཐོབ། ཏང་ཀྲུང་དབྱང་གིས་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱིས་རྒྱབ་སྐྱོར་འོག བོད་ལྗོངས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་ཆེན་པོ་ཐོབ་པ་དང་། མི་དམངས་མང་ཚོགས་དུས་ཡུན་རིང་པོའི་ནང་གཉའ་གནོན་ཐེབས་པའི་ངལ་རྩོལ་གྱི་ཧུར་བརྩོན་རང་བཞིན་དང་གསར་སྐྲུན་གྱི་སྤྲོ་བ་མེ་རི་ལྟར་འབར་ཡོང་བ་དང་། ཐོན་སྐྱེད་ནུས་ཤུགས་ལ་འཕེལ་རྒྱས་མགྱོགས་སུ་ཐོབ། ཡར་རྒྱས་ཡོང་ཞིང་འཕེལ་རྒྱས་ཕྱིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་མི་རྣམས་ཀྱི་མདུན་དུ་བཤམས།

མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོང་དང་དར་སྤེལ་ཐོབ་ཡོད། དམངས་གཙོའི་བཅོས་སྒྱུར་གྱིས་བཀས་བཀོད་རྒྱུད་འཛིན་གྱི་བསམ་པའི་རིག་གནས་ཀྱི་ལྕགས་སྒྲོག་གཏོར་ཏེ། གྲངས་ཀ་ཉུང་ཤོས་ཀྱི་མཐོ་རིམ་བཀས་བཀོད་རྒྱུད་ཀྱི་སྐུ་དྲག་དང་གྲྭ་བཙུན་གྱིས་རིག་གནས་སློབ་གསོ་སྒེར་སྡེམ་བྱས་པའི་ལོ་རྒྱུས་མཇུག་བསྒྲིལ་ནས། བོད་ལྗོངས་རྙིང་པའི་རིག་གནས་སྲིད་དབང་སྒེར་གཅོད་རིང་ལུགས་ཀྱི་བཀག་རྒྱ་ལས་གྲོལ་བ་དང་། མི་དམངས་མང་ཚོགས་རྣམས་བསམ་བློའི་ཐོག་གི་ཀླ་ཀློ་དང་རྙིང་ཞེན་ལས་ཐར་བར་བྱས། བོད་ལྗོངས་ཀྱི་ཕུལ་བྱུང་དམངས་ཁྲོད་རིག་གནས་སྒྱུ་རྩལ་ཤུལ་བཞག་དག་སྡུད་སྒྲིག་དང་དཔེ་སྐྲུན་བྱས་ནས། རིག་རྫས་རྩ་ཆེན་འབོར་ཞིག་སྲུང་སྐྱོང་ཐོབ། བོད་ཀྱི་སྐད་ཡིག་ལ་ཁྱབ་རྒྱ་ཆེ་བའི་སློབ་སྦྱོང་དང་བེད་སྤྱོད་ཐོབ་ནས། ཀྲུང་གོའི་ཨང་དང་པོའི་རྒྱལ་སྤྱིའི་ཚད་གཞི་ལྡན་པའི་གྲངས་ཉུང་མི་རིགས་ཀྱི་ཡི་གེ་རུ་གྱུར། བརྗོད་དོན་གསར་ལ་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ། དུས་རབས་ཀྱི་ཚོན་མདངས་རྣམ་པར་བཀྲ་བའི་རྩོམ་རིག་སྒྱུ་རྩལ་བརྩམས་ཆོས་འབོར་ཆེན་ཞིག་ཆུ་གཏེར་རྒྱུས་པ་བཞིན་དུ་ཐོན་པས། ཚད་ཆེས་ཆེ་བའི་སྒོ་ནས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་དང་གསོན་ཉམས་ལྡན་པར་གྱུར་ཡོད། མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་བོད་སྨན་ནི་རྒྱལ་ཡོངས་དང་འཛམ་གླིང་དུ་བསྐྱོད་ཡོད། སྲོལ་རྒྱུན་གྱི་ཡུལ་སྲོལ་གོམས་གཤིས་ཏེ་བོད་ལུགས་ལོ་གསར་དང་ཞོ་སྟོན་དུས་ཆེན་ལ་སོགས་པའི་སྲོལ་རྒྱུན་གྱི་དུས་ཆེན་གསོ་ཆུད་དང་རྒྱུད་འཛིན་ལེགས་པོ་བྱུང་སྟེ། སྲོལ་རྒྱུན་གྱི་ཁྲོད་དུ་གསར་གཏོད་དང་། སྲུང་སྐྱོང་གི་ཁྲོད་དུ་འཕེལ་རྒྱས་བྱུང་བའི་གནས་བབ་ལེགས་པོ་ཆགས་ཡོད།

ཆོས་ལུགས་དད་པ་རང་མོས་ལ་བརྩི་བཀུར་གང་ལེགས་ཐོབ་ཡོད། དམངས་གཙོ་བཅོས་སྒྱུར་གྱིས་རུལ་སུངས་རྗེས་ལུས་ཀྱི་ཆོས་དབང་དབང་བསྒྱུར་མགོ་རྟིང་སློག་ནས་ཆོས་སྲིད་ཁ་བྲལ་བར་བྱས། ཕྱོགས་ཡོངས་ནས་དེ་སྔ་དགོན་པར་ཡོད་པའི་དཔལ་འབྱོར་དང་ཆབ་སྲིད་ཐོག་གི་བཀས་བཀོད་ཀྱི་ཁྱད་དབང་ཡོད་ཚད་རྩ་མེད་བཏང་སྟེ། དགོན་པའི་བཀས་བཀོད་བདག་བཟུང་དང་བཀས་བཀོད་བཤུ་གཞོག མི་ལུས་བྲན་གཡོག དགོན་པའི་ནང་ཁུལ་གྱི་བཀས་བཀོད་དོ་དམ་དང་གྲལ་རིམ་ལམ་ལུགས་སོགས་མེད་པར་བཟོས། དགོན་པ་ཚང་མ་དོ་དམ་ཨུ་ཡོན་ལྷན་ཁང་གིས་དམངས་གཙོས་དོ་དམ་བྱེད་པ་དང་། ཆོས་ལུགས་ཀྱི་མ་གཞིའི་རྣམ་པ་སླར་གསོ་བྱས་ཡོད། མི་རིགས་ཁག་གི་ཆོས་ལུགས་དད་པ་རང་མོས་ཡིན་པའི་དབང་ཆ་ལ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱས་ཡོད། ཆོས་ལུགས་སྣ་ཚོགས་དང་གྲུབ་མཐའ་སྣ་ཚོགས་ལ་འདྲ་མཉམ་གྱི་སྒོ་ནས་བརྩི་བཀུར་དང་སྲུང་སྐྱོང་ཐོབ་ཡོད།

རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ནུས་ལྡན་ཐོབ་ཡོད། དམངས་གཙོའི་བཅོས་སྒྱུར་གྱིས་སྔར་གྱི་བོད་ས་གནས་སྲིད་གཞུང་ཐོར་འགྲོལ་གཏོང་བ་དང་། རྒྱལ་ཁབ་ཕྱི་ནང་གི་ཁ་བྲལ་སྟོབས་ཤུགས་ལ་རྡུང་རྡེག་ཚབས་ཆེན་བཏང་བ་མ་ཟད། བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་སྟོབས་ཤུགས་དང་བོད་ལྗོངས་ཀྱི་གྲངས་ཉུང་མཐོ་རིམ་ཁ་བྲལ་རིང་ལུགས་ཀྱི་སྟོབས་ཤུགས་བར་གྱི་ཕན་ཚུན་ངན་འབྲེལ་དང་། “བོད་རང་བཙན་”ལ་བློ་ངན་བཅངས་པའི་ཆབ་སྲིད་རྨང་གཞི་དང་གྲལ་རིམ་རྨང་གཞི་བཅས་རྩ་གཏོར་བཏང་བས། སྤྱི་ཚོགས་ཀྱི་མཐུན་སྦྱོར་བརྟན་བརླིང་ལ་སྲུང་སྐྱོང་ཐོབ་པ་དང་། བོད་ལྗོངས་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་འགན་སྲུང་ཐོབ་ནས་ཞིང་བྲན་བརྒྱ་ཕྲག་གི་སྙིང་ཐག་པའི་བརྩི་སྲུང་ཐོབ། ཁྲག་དང་མེའི་ཞུན་བརྡར་དང་ཉམས་སད་བརྒྱུད་ནས། མི་རིགས་ཁག་གི་མི་དམངས་རྣམས་ཀྱིས་སྔར་ལས་ལྷག་པར་གུང་ཁྲན་ཏང་ལ་སེམས་ཕྱོགས་པ་དང་། རླབས་ཆེ་བའི་མེས་རྒྱལ་ལ་སེམས་ཕྱོགས་ནས། མཐའ་གཅིག་ཏུ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས།

ཏང་གི་བོད་ལྗོངས་ཀྱི་སྲིད་སྐྱོང་གོ་གནས་མུ་མཐུད་དུ་ཇེ་བརྟན་གཏོང་དགོས། ཞི་བས་བཅིངས་འགྲོལ་དང་། ཏཱ་ལི་རུ་ཚོགས་ཁག་གི་ཕྱོགས་ཡོངས་ཀྱི་དྲག་ཆས་ཟིང་ལོང་འཇགས་པ། དམངས་གཙོའི་བཅོས་སྒྱུར་བྱས་པ་སོགས་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན་པའི་གལ་ཆེ་བའི་སྤྱི་ཚོགས་བཅོས་སྒྱུར་བརྒྱུད་དེ། གཏིང་ཟབ་མོའི་སྒོ་ནས་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱི་མདུན་ལམ་ལས་བསྐལ་བསྒྱུར་ཡོད། བོད་ལྗོངས་མི་དམངས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་ལ་འབྲེལ་བ་བྱས་པ་དང་རྒྱུས་ལོན་བྱས་པ། ངོས་འཛིན་བྱས་པ་ནས། ཀྲུང་གོའི་གུང་ཁྲན་ཏང་ལ་སེམས་གཏིང་ནས་བརྩི་སྲུང་བྱས་པ་དང་དགའ་གུས་བྱས་པ་དང་རྗེས་སུ་འབྲངས་པས། ཏང་གི་བོད་ལྗོངས་ཀྱི་སྲིད་སྐྱོང་སྐོར་ལ་མང་ཚོགས་ཀྱི་རྨང་གཞི་བརྟན་པོར་ཆགས་ནས། སྲིད་སྐྱོང་གི་གོ་གནས་གཏན་འཁེལ་བྱས་པ་དང་། བོད་ལྗོངས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པ་མངོན་འགྱུར་བྱུང་སྟེ། བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱི་རྒྱབ་རྟེན་དུ་གྱུར་པ་དང་། བོད་ལྗོངས་ཀྱི་བྱ་གཞག་ཁག་རྣམས་ཡར་རྒྱས་གོང་འཕེལ་ཕྱིན་པའི་སྲོག་ཤིང་གི་འགོ་ཁྲིད་དུ་གྱུར་ཡོད།

བོད་ལྗོངས་སུ་དམངས་གཙོའི་བཅོས་སྒྱུར་བྱེད་པ་ནི་ང་ཚོའི་ཏང་གིས་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་རྩ་བའི་རིགས་པ་དེ་བོད་ལྗོངས་ཀྱི་དམིགས་བསལ་གནས་ཚུལ་དང་གསར་གཏོད་རང་བཞིན་གྱིས་ཟུང་འབྲེལ་བྱས་པའི་ཐོན་རྫས་ཡིན་པ་དང་། གུང་ཁྲན་ཏང་མིའི་ཚད་ལས་བརྒལ་བའི་ཆབ་སྲིད་ཀྱི་བློ་གྲོས་གཅིག་སྡུད་མཚོན་ཚུལ་ཡིན་ལ། ཏང་གི་བོད་སྐྱོང་བྱེད་ཕྱོགས་ལ་གྲུབ་འབྲས་ཐོབ་པའི་ལག་ལེན་ཡིན། འདི་ནི་བོད་ལྗོངས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་ཆེས་རྒྱ་ཆེ་བ་དང་ཆེས་གཏིང་ཟབ་པ། ཆེས་རླབས་ཆེ་བའི་སྤྱི་ཚོགས་བཅོས་སྒྱུར་ཞིག་ཡིན་ལ། མིའི་རིགས་ཤེས་དཔལ་འཕེལ་རྒྱས་ལོ་རྒྱུས་དང་འཛམ་གླིང་མི་དབང་ལོ་རྒྱུས་ཐོག་ཧ་ཅང་གལ་ཆེ་བའི་དོན་སྙིང་ལྡན་པའི་ལོ་རྒྱུས་དོན་རྐྱེན་ཡང་ཡིན་པས། བོད་ལྗོངས་མི་རིགས་ཁག་གི་མི་དམངས་ལ་གཏིང་ཟབ་མོའི་ཤུགས་རྐྱེན་ལྡན།

གཉིས། དུས་ཐུང་ངུ་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱིས་ལོ་ངོ་སྟོང་ཕྲག་ལས་བརྒལ་ཏེ། ལོ་ངོ་60རིང་བོད་ལྗོངས་ཀྱི་བྱ་གཞག་ཁག་ལ་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་ཡོད།

དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60ཡི་རིང་། ཏང་ཀྲུང་དབྱང་གིས་ནམ་ཡང་བོད་ལྗོངས་ཀྱི་ལས་དོན་ལ་མཐོང་ཆེན་ཚད་མཐོ་གནང་ཞིང་། མཛའ་བརྩེ་ཟབ་མོས་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གནང་བ་རེད། བློ་མཐུན་མའོ་ཙེ་ཏུང་དང་ཏེང་ཞའོ་ཕིན། ཅང་ཙེ་རྨིན་སོགས་ཀྱིས་སྲོག་ཤིང་གནང་བའི་ཏང་གི་རབས་གསུམ་པའི་ཀྲུང་དབྱང་འགོ་ཁྲིད་ཚན་སྡེབ་དང་། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་མཛད་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་ཟེར་འཕྲོས་པའི་འོག རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རྒྱབ་སྐྱོར་འོག ལྗོངས་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཕྱོགས་སུ་འབད་འབུངས་ངང་མདུན་དུ་བསྐྱོད་པ་དང་། གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་གྱི་གཟི་བྱིན་འབར་བའི་ལེའུ་བརྩམས་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་རྣམས་ཚགས་དམ་པོའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེ་བའི་དར་ཆ་མཐོ་རུ་བསྒྲེངས་ཏེ། གཏིང་ཟབ་མོའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ། ཚོགས་ཆེན་བཅུ་དགུ་པ་དང་ཀྲུང་དབྱང་གི་ཐེངས་དྲུག་པའི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་དགོངས་པ་བཅས་ལ་སློབ་སྦྱོང་དང་ལག་བསྟར་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་བརླིང་ཡོང་དགོས་པའི་གལ་ཆེ་བའི་རྒྱས་བཤད་དང་བོད་ལྗོངས་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་པ་རབ་དང་རིམ་པ་ལག་བསྟར་བྱས་ཏེ། བཀའ་དྲིན་དྲན་ནས་འབད་འབུངས་དང་སོ་ལྟ་བྱས་ནས་རོགས་རེས་བྱས་པས། དུས་ཡུན་རིང་པོའི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཀྱི་གནས་བབ་གསར་པ་ཆགས་ཡོད།

དཔལ་འབྱོར་རྒྱུད་མཐུད་དུ་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་ལ། སྤྱི་ཚོགས་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཛུགས་པ་དང་། སྒྱུར་བཅོས་སྒོ་འབྱེད་ཀྱི་སྲིད་ཇུས་ལག་ལེན་བསྟར་བས། ཚད་མཐོ་པོའི་སྒོ་ནས་བོད་ལྗོངས་ཀྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་གཏོང་བ་དང་འཕེལ་རྒྱས་བཏང་བ་རེད། ཁྱད་པར་དུ་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་སྐོང་འཚོགས་གནང་བ་དང་། དམིགས་བསལ་གྱི་ཕན་ཆེའི་སྲིད་ཇུས་རབ་དང་རིམ་པ་ཞིག་གཏན་འཁེལ་བྱས་ནས། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྟོབས་ཆེའི་སྒུལ་ཤུགས་མཁོ་འདོན་བྱས། 1959ལོར། ལྗོངས་ཡོངས་ཀྱི་ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.74མ་གཏོགས་མེད། 2018ལོར། སྒོར་དུང་ཕྱུར་1477.6ཟིན་པས་ལྡབ་191མཐོ་སྤར་བྱུང་ཡོད། རྒྱལ་ཁབ་ཀྱི་སྔ་ཕྱི་བསྡོམས་རྩིས་བྱས་ན་སྒོར་དུང་ཕྱུར་ཁྲི་1ལྷག་གིས་གལ་ཆེའི་འཛུགས་སྐྲུན་རྣམ་གྲངས་800ལྷག་ལག་ལེན་བསྟར་ཡོད། རྨང་གཞིའི་སྒྲིག་བཀོད་ཚད་ལས་བརྒལ་བའི་འཕེལ་རྒྱས་མངོན་འགྱུར་བྱུང་བ་དང་། གཞུང་ལམ་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་9.74ཟིན་ཡོད། ལྷ་ས་དང་གུང་དཀར་བར་གྱི་གཞུང་ལམ་སོགས་རིམ་པ་མཐོ་པོའི་གཞུང་ལམ་བསྐྲུན་ནས་རླངས་འཁོར་རྒྱུག་པ་དང་། མཚོ་བོད་ལྕགས་ལམ་དང་ལྷ་ས་དང་གཞིས་ཀ་རྩེའི་བར་གྱི་ལྕགས་ལམ་བསྐྲུན་ནས་བེད་སྤྱོད་གཏོང་བ། ཁྲོན་བོད་ལྕགས་ལམ་ལྷ་ས་དང་ཉིང་ཁྲིའི་བར་གྱི་འཛུགས་སྐྲུན་བདེ་བླག་ངང་སྤེལ་བ་དང་། དམངས་སྤྱོད་མཁའ་ལམ་གནམ་ཐང་5འཛུགས་སྐྲུན་བྱས་ནས་སྤྱོད་པ། མན་ལ་དང་ཕུ་མདོ་ལ་སོགས་པའི་ཆུ་བེད་འགག་རྩའི་ལས་གྲྭ་འཛུགས་སྐྲུན་བྱས་ནས་བེད་སྤྱོད་གཏོང་བ། མཚོ་བོད་དང་ཁྲོན་བོད་ཀྱི་གློག་ཤུགས་དྲ་བའི་ལས་གྲྭ་ཡིས་གློག་ཤུགས་ཀྱི་“མཁའ་ལམ་”བཏེགས་པ་རེད། ནས་དང་གཡག་ལ་སོགས་པའི་ནང་དོན་གཙོ་བོར་བྱས་པའི་ཁྱད་ཆོས་ལྡན་པའི་རྨོ་གསོ་ལས་རིགས་དང་ལྗང་མདོག་གི་སྐྱེས་ལྡན་ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་མུ་མཐུད་ནས་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། ཡུལ་སྐོར་རིག་གནས་དང་གཙང་བྱེད་ནུས་ཁུངས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། དེང་རབས་ཞབས་ཞུ། མཐའ་མཚམས་ཚོང་ཟོག་འཁོར་རྒྱུག མཐོ་གསར་ཨང་ཀི་ལ་སོགས་པའི་ཐོན་ལས་མགྱོགས་སུ་འཕེལ་རྒྱས་འགྲོ་བ་དང་། ཐོན་ཁུངས་དགེ་མཚན་དེ་དཔལ་འབྱོར་དགེ་མཚན་དུ་གྱུར་དང་འགྱུར་བཞིན་ཡོད།

མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་འབོར་ཆེན་བྱུང་བ་དང་། མི་རིགས་ཁག་གི་མི་དམངས་ལ་ཐོབ་སྣང་དང་སྐྱིད་སྣང་མུ་མཐུད་དུ་ཇེ་མཐོར་བྱུང་བ། ཏང་གི་དམངས་ཕྱུག་སྲིད་ཇུས་ཁག་རྣམས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། བོད་ལྗོངས་མི་རིགས་ཁག་གི་མང་ཚོགས་ལ་རྒྱལ་ཡོངས་ཀྱི་ཆེས་ཕན་ཆེའི་སྲིད་ཇུས་ཐོབ་པ་རེད། 2018ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་རིམ་པ་བཞིན་དུ་སྒོར་33797དང་སྒོར་11450ཟིན། རིམ་པ་བཞིན་དུ་1965ལོའི་ལྡབ་73དང་ལྡབ་105ཟིན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་ཀྱི་རང་ཉིད་སྡོད་ཆོག་པའི་ཁང་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ་28.6དང་སྨི་གྲུ་བཞི་མ་33.9ཟིན། ལྷ་ས་དང་ནག་ཆུ། མངའ་རི་ལ་སོགས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་དུ་དྲོད་གཏོང་ལས་གྲྭ་བསྐྲུན་ནས་བེད་སྤྱོད་བཏང་བས། མི་ཚེ་མི་རབས་ཀྱིས་ལྕི་བ་བསྲེགས་ནས་དྲོད་ལེན་པའི་ལོ་རྒྱུས་མཇུག་བསྒྲིལ། འོས་འགན་སློབ་གསོའི་“འགན་ལེན་གསུམ་”སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། སློབ་རིན་མི་དགོས་པའི་ལོ་15ཡི་འོས་འགན་སློབ་གསོ་སྲིད་ཇུས་མུ་མཐུད་ནས་འཐུས་ཚང་དུ་གཏོང་བ་དང་། སློབ་ཞུགས་གོང་གི་སྐད་ཡིག་སློབ་གསོ་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཞི་གཅིག་ཅན་དུ་འགྱུར་བའི་སྒྱུར་བཅོས་འཕེལ་རྒྱས་གཏིང་ཟབ་མོའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། 2018ལོའི་སློབ་ཞུགས་གོང་གི་སློབ་གསོ་ཐོབ་ཚད་77.9% ཟིན་པ་དང་། ན་གཞོན་ཡིག་རྨོངས་ཅན་0.25% རུ་མར་ཆག་ཡོད། ངལ་རྩོལ་ནུས་ཤུགས་ཀྱི་མི་འབོར་ལ་སློབ་གསོ་ཐོབ་པའི་ཆ་སྙོམས་ལོ་8.6ཟིན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དྲ་བ་རིམ་གྱིས་ཆགས་པ་དང་། སྨན་རིན་མི་དགོས་པའི་སྨན་བཅོས་རྨང་གཞིར་བྱས་པའི་གྲོང་གསེབ་ཀྱི་སྨན་བཅོས་ལམ་ལུགས་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། སྤྱི་སྤྱོད་སྨན་བཅོས་འགན་ལེན་ལམ་ལུགས་ཕྱོགས་ཡོངས་ནས་ཁེབས་པ་མངོན་འགྱུར་བྱུང་ཡོད། མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་གི་ཚེ་ལོ་35.5ནས་ལོ་68.2སུ་མཐོར་འདེགས་བྱུང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཁེབས་པའི་སྤྱི་ཚོགས་འགན་སྲུང་མ་ལག་ཉིན་རེ་བཞིན་འཐུས་ཚང་དུ་འགྲོ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འགན་བཅོལ་བཅས་ཕན་ཆེའི་སྲིད་ཇུས་ཁག་རྒྱུད་མཐུད་དུ་ཁ་བྱང་འགོད་པ་དང་ཁྱབ་རྒྱ་ཆེ་རུ་བཏང་། ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དར་རྒྱས་དང་གོང་འཕེལ་བྱུང་ཞིང་། གེ་སར་དང་བོད་ཀྱི་ཤོག་བུ། བོད་ཀྱི་ཟློས་གར་སོགས་འཛམ་གླིང་རིག་གནས་ཤུལ་བཞག་ནི་འོད་སྟོང་འབར་བ་ཞིག་རེད། སྤྱི་སྤྱོད་རིག་གནས་སྒྲིག་བཀོད་དྲ་བ་ཧ་ལམ་ཆགས་ཟིན་པ་དང་། རྒྱང་སྒྲོག་བརྙན་འཕྲིན་གྱི་མི་འབོར་ཕྱོགས་བསྡུས་ཁེབས་ཚད་རིམ་པ་བཞིན་དུ་97.1%དང་98.2%ཟིན་ཡོད།

མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྲ་བརྟན་དང་འཕེལ་རྒྱས་བྱུང་བ་དང་། ཆོས་ལུགས་དད་པ་རང་མོས་ལ་བརྩི་བཀུར་གང་ལེགས་ཐོབ་པ། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ལ་བོད་ལྗོངས་སུ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱུང་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་ལས་འགུལ་རྒྱ་ཆེར་སྤེལ་བ་དང་། མི་རིགས་ཁག་གི་མང་ཚོགས་ལ་སེམས་མཐུན་གྱི་གྲོགས་པོ་ཡོད་པ་དང་། མཛའ་མཐུན་གྱི་ཁྱིམ་མཚེས་ཡོད་པ། བདེ་སྐྱིད་ཀྱི་གཉེན་སྒྲིག་ཡོད་པར་གྱུར། མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་དང་མི་རིགས་མཐུན་སྒྲིལ་གྱི་ར་བ་གང་ས་གང་དུ་ཡོད། མི་རིགས་40ལྷག་གིས་ལག་གདང་སྦྲེལ་ཞིང་དཔུང་པ་མཉམ་གཤིབ་ཀྱིས་རླབས་ཆེ་བའི་རྒྱལ་ས་སྲུང་བ་དང་། བདེ་སྐྱིད་ཀྱི་ཁྱིམ་གཞིས་འཛུགས་པ་དང་ཕང་རྡོ་བཞིན་དུ་བརྟན། མང་ཚོགས་ཀྱི་ཆོས་ལུགས་དད་པ་རང་མོས་ལ་བརྩི་བཀུར་ལེགས་པོ་ཐོབ་པ་དང་། རྒྱུན་ལྡན་གྱི་ཆོས་ལུགས་ལས་འགུལ་ལ་ཁྲིམས་ལྟར་འགན་སྲུང་ཐོབ།

སྤྱི་ཚོགས་ཀྱི་གནས་བབ་མཐུན་སྦྱོར་བརྟན་བརླིང་རྒྱུན་འཁྱོངས་བྱུང་བ་དང་། མི་རིགས་ཁག་གི་མང་ཚོགས་བདེ་སྡོད་ལས་བརྩོན་དང་བདེ་སྐྱིད་འཆམ་མཐུན་གནས། གཏིང་ཟབ་མོའི་སྒོ་ནས་ཏཱ་ལི་ཚོགས་ཁག་གི་ངོ་རྒོལ་གྱི་ངོ་བོ་ཐེར་འདོན་བྱས་པ་དང་། “མཐུན་སྒྲིལ་བརྟན་བརླིང་ནི་བདེ་སྐྱིད་དང་། ཁ་བྲལ་ཟིང་འཁྲུག་ནི་རྐྱེན་ངན་ཡིན་པ་”མི་རིགས་ཁག་གི་མང་ཚོགས་རྣམས་ཀྱི་ཐུན་མོང་གི་ངོས་འཛིན་དུ་གྱུར་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་“ང་ལ་བདེ་འཇགས་དགོས་པའི་”འདོད་བློ་ནི་སྔར་བས་ཇེ་དྲག་ཏུ་ཕྱིན་ཡོད། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་པ་དང་། བོད་ལྗོངས་བདེ་འཇགས་ཀྱི་འཛུགས་སྐྲུན་མུ་མཐུད་དུ་ཇེ་ཟབ་ཏུ་ཕྱིན་ནས། མང་ཚོགས་ཀྱི་བདེ་སྣང་དང་ཡིད་ཚིམ་ཚད་99%ཡན་ཟིན།

སྐྱེ་ཁམས་ཁོར་ཡུག་རྒྱུད་མཐུད་དུ་ལེགས་པོ་བྱུང་བ་དང་། བོད་ལྗོངས་ནི་སྔར་བཞིན་ཁོར་ཡུག་སྤུས་ཚད་ཆེས་ལེགས་ཤོས་ཀྱི་ས་གནས་ཤིག་ཡིན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་རྒྱུན་འཁྱོངས་བྱེད་རྒྱུ་ཨང་དང་པོར་འཇོག་པ་དང་། རང་བྱུང་ལ་བརྩི་བཀུར་དང་རང་བྱུང་ལ་བསྟུན་པ། རང་བྱུང་ལ་སྲུང་སྐྱོང་བཅས་བྱས་ཏེ། ཆེས་གཟབ་བརླིང་གི་སྐྱེ་ཁམས་སྲུང་སྐྱོང་ལམ་ལུགས་ལག་ལེན་བསྟར་བ་དང་། ཕྱོགས་ཡོངས་ནས་ཆུ་མཚོ་ཀྲང་གི་ལམ་ལུགས་འཛུགས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་རིམ་གྱིས་ཆགས་པ་རེད། རྒྱལ་ཁབ་ཀྱི་ས་ཞིང་གི་ལྗང་སྒྱུར་ལས་འགུལ་གཏིང་ཟབ་སྤེལ་ནས། ལྗོངས་ཡོངས་ཀྱི་ནགས་ཚལ་ཁེབས་ཚད་12.14%སྟེང་མཐོར་འདེགས་བྱུང་བ་དང་། རིགས་སོ་སོའི་རང་བྱུང་སྲུང་སྐྱོང་ཁུལ་དེ་ལྗོངས་ཡོངས་ཀྱི་རྒྱལ་སའི་རྒྱ་ཁྱོན་གྱི་34.35%ཟིན། ས་གནས་དང་གྲོང་ཁྱེར་7གྱི་ཁོར་ཡུག་མཁའ་རླུང་སྤུས་ཚད་ཆ་སྙོམས་ལེགས་པོའི་ཚད་95%ཟིན་ཡོད།

ལོ་ངོ་60ཡི་ཆར་ཆུ་དང་ལོ་ངོ་60ཡི་ལོ་ཟླ་བརྒྱུད། བོད་ལྗོངས་སུ་དམངས་གཙོའི་བཅོས་སྒྱུར་བྱས་པའི་ལོ་ངོ་60ནི། ཏང་གི་མི་རིགས་སྲིད་ཇུས་ལ་རླབས་ཆེའི་རྒྱལ་ཁ་ལེན་པའི་ལོ་ངོ་60ཡིན་ལ། རང་རྒྱལ་གྱི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བདེ་བླག་ངང་ལག་ལེན་བསྟར་བའི་ལོ་ངོ་60ཡིན་པ་མ་ཟད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་ཁ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པའི་ལོ་ངོ་60ཡང་ཡིན། ལོ་ངོ་60ཡི་འོད་སྟོང་འབར་བའི་གྲུབ་འབྲས་ནི་ཏང་ཀྲུང་དབྱང་གི་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་འོག་བྱུང་བའི་མཇུག་འབྲས་ཡིན་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོ་དང་། སྤུན་ཟླ་ཞིང་ཆེན་དང་ལྗོངས། གྲོང་ཁྱེར་བཅས་ཀྱིས་རྒྱབ་སྐྱོར་ཚད་མེད་བྱས་པའི་མཇུག་འབྲས་ཡིན་ལ། ལྗོངས་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་དང་མི་རིགས་ཁག་གི་མང་ཚོགས་རྣམས་ཀྱིས་ཐུན་མོང་དུ་འབད་འབུངས་བྱེད་པའི་མཇུག་འབྲས་ཀྱང་ཡིན། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས། བློ་བརྟན་འགྱུར་མེད་ངང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས། བློ་བརྟན་འགྱུར་མེད་ངང་ཏང་གི་བོད་སྐྱོང་བྱེད་ཕྱོགས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་བརླིང་ཡོང་དགོས་པའི་གལ་ཆེ་བའི་རྒྱས་བཤད་རྒྱུན་འཁྱོངས་བཅས་བྱས་ན། བོད་ལྗོངས་ཀྱི་སང་ཉིན་ནི་སྔར་བས་འོད་སྟོང་ལྡན་པར་འགྱུར་ངེས།

གསུམ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སྣེ་ཁྲིད་བྱས་པ་དང་། མུ་མཐུད་དུ་བོད་ལྗོངས་ཡུན་རིང་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཀྱི་གནས་བབ་གསར་པ་གསར་དུ་གཏོད་དགོས།

ལོ་ངོ་དྲུག་ཅུས་འབད་འབུངས་བརྒྱུད་ནས་འོད་སྟོང་བསྐྲུན། དུས་རབས་གསར་པའི་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་བརླིང་ཡོང་དགོས་པའི་ལེའུ་བྲིས། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པའི་ཐོག་ལངས་ཏེ། ང་ཚོས་སྔར་ལས་ལྷག་པར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས། “འདུ་ཤེས་བཞི་”ཇེ་མཐོར་གཏོང་བ་དང་། “གདེང་ཚོད་བཞི་”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”སྒྲུབ་ཐུབ་པར་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ལྗོངས་ལས་དོན་ལ་གསལ་སྟོན་བྱེད་པའི་མདུན་བསྐྱོད་ཀྱི་ཁ་ཕྱོགས་གཞིར་བཟུང་སྟེ། བོད་ལྗོངས་ལས་དོན་གྱི་གཞི་འཛིན་ས་དང་ཤུགས་རྒྱག་ས། འགོ་རྩོམ་ས་དང་རྐང་ཚུགས་ས་བཅས་ལ་རྒྱུས་ལོན་ཡག་པོ་བྱས་ནས། “གཞན་གྱིས་གཅིག་སྒྲུབ་ན་ངས་བཅུ་སྒྲུབ་པ་དང་། གཞན་གྱིས་བཅུ་སྒྲུབ་ན་ངས་བརྒྱ་སྒྲུབ་པའི་”ངར་ཤུགས་དང་། བྱས་རྗེས་འཇོག་པའི་མིང་ཐོབ་མི་དགོས་ཀྱང་བྱས་རྗེས་འཇོག་པར་ངེས་པར་དུ་ཞུགས་དགོས་པའི་ལོ་རྒྱུས་ཀྱི་འགན་འཁྲི་བཅངས་ནས། སྤོབས་པ་ཆེན་པོས་དུས་རབས་གསར་པའི་འབད་འབུངས་མཁན་དང་ཕུགས་བསམ་ཡོད་མཁན་བྱས་ཏེ། འབད་འབུངས་ཆེན་པོས་དུས་རབས་གསར་པའི་བོད་ལྗོངས་ཀྱི་ཡུན་རིང་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ལ་སྐུལ་འདེད་གཏོང་དགོས།

གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་“སྲུང་སྐྱོང་གཉིས་”ལེགས་པོ་སྒྲུབ་དགོས། “སྲུང་སྐྱོང་གཉིས་”དེ་ཆབ་སྲིད་ཀྱི་ལས་འགན་དང་པོར་བཞག་སྟེ། རང་རྟོགས་སྒོས་སྲོག་ཤིང་ལ་བརྩི་སྲུང་དང་ཡིད་རྟོན་དང་རྣམ་དག་དང་འགན་སྲུང་བཅས་བྱེད་དགོས། ལས་དོན་ཡོད་ཚད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བཀའ་ལྟར་སྒྲུབ་པ་དང་། དོན་དག་ཡོད་ཚད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལྟར་དོན་འཁྱོལ་བྱས་ཏེ། ཇི་མ་ཇི་བཞིན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་སྲིད་ཇུས་བྱེད་ཕྱོགས་རྣམས་ལག་བསྟར་བྱས། ཞིང་འབྲོག་མང་ཚོགས་དང་ན་གཞོན་སློབ་མ། དགོན་པའི་གྲྭ་བཙུན་ཁྲོད་“ཏང་དྲིན་ལ་དང་དོད་དང་སྲོག་ཤིང་ལ་དགའ་བ། མཐུན་སྒྲིལ་ལ་དང་དོད་དང་མེས་རྒྱལ་ལ་དགའ་བ། བྱས་རྗེས་ལ་དང་དོད་དང་ཁྱིམ་གཞིས་ལ་དགའ་བ། ཤེས་དཔལ་ལ་དང་དོད་དང་འཚོ་བ་ལ་དགའ་བ་”དང་། ཏང་ཡོན་ཁྲོད་ཕྱོགས་ཡོངས་ནས་“ཏང་ཡོན་ཚད་ལྡན་བྱེད་པ་དང་། སྔོན་འགྲོའི་དཔེ་མཚོན་”བྱས་ཏེ། དགོན་པའི་གྲྭ་བཙུན་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“ཆབ་སྲིད་ཐོག་ཡིད་རྟོན་རུང་བ་དང་། ཆོས་ལུགས་ཐོག་ཤེས་རྒྱ་ཡོད་པ། ཀུན་སྤྱོད་ཐོག་མི་སེམས་འགུག་པ། འགག་རྩའི་དུས་སུ་ནུས་པ་ཐོན་པའི་“ཚད་གཞི་བཞི་”ནན་བསྟར་དང་། སྔོན་ཐོན་གྱི་གྲྭ་བཙུན་བྱེད་རྒྱུ་བརྩོན་ལེན་བྱེད་པ་སོགས་བརྗོད་བྱ་གཙོ་བོར་བྱས་པའི་སློབ་གསོ་ལག་བསྟར་བྱས།

རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་བོད་ལྗོངས་སུ་བྱུང་བའི་འགྱུར་ལྡོག་ཆེན་པོ་ལ་བརྟེན་ནས། ཏང་ཡོན་ལས་བྱེད་ལ་མཐའ་གཅིག་ཏུ་“སྲུང་སྐྱོང་གཉིས་”སྒྲུབ་དགོས་པའི་སློབ་གསོ་བཏང་ཞིང་། མང་ཚོགས་ལ་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་ཁ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པའི་སློབ་གསོ་དང་སྣེ་ཁྲིད་བྱེད་དགོས།

གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་སྤྱི་ཚོགས་ཀྱི་བརྟན་བརླིང་ལ་སྲུང་སྐྱོང་བྱེད་དགོས། མུ་མཐུད་དུ་སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་འགོག་གི་འདུ་ཤེས་མཐོར་འདེགས་བཏང་ནས། མ་མཐའི་བསམ་གཞིགས་རྒྱུན་འཁྱོངས་དང་། “བརྟན་པོ་”ཞེས་པའི་ཡིག་འབྲུ་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་དང་། ཆུ་མ་འོང་གི་ཆུ་རགས་རྩ་དོན་དུ་བཟུང་ནས་ལས་དོན་སྒྲུབ་པ་དང་། དོན་ཆེན་འབྱུང་བར་སྔོན་འགོག་ཆེད་དུ་རྨང་གཞི་བཏིང་བ་དང་གྲ་སྒྲིག་བྱེད་པ། འགན་འཁྲི་འཁུར་ནས་ལས་འགན་ལག་བསྟར་བྱེད་རྒྱུ་དེ་ཚད་གཞི་རུ་བཟུང་ནས་ལས་བྱེད་ལ་དཔྱད་ཞིབ་བྱེད་པ། སིམ་འཛུལ་མགོ་སློག་གཏོར་བཤིག་སོགས་ཀྱི་ལས་འགུལ་སྣ་ཚོགས་དང་། དྲག་ཤུགས་འཇིགས་སྐུལ་ལས་འགུལ། མི་རིགས་ཁ་བྲལ་ལས་འགུལ། ཆོས་ལུགས་ཐལ་ལྷུང་ལས་འགུལ་དང་རང་ཉིད་མེ་ལ་བསྲེགས་པའི་བྱ་སྤྱོད་བཅས་ལ་སྔོན་འགོག་དམ་ཟབ་དང་མཐའ་གཅིག་ཏུ་རྡུང་རྡེག་བཏང་སྟེ། སྤྱི་ཚོགས་ཀྱི་ཁྱོན་ཆེན་མཐུན་སྦྱོར་དང་བརྟན་བརླིང་ཡོང་བར་ཁག་ཐེག་བྱེད་དགོས། དུས་རབས་གསར་པའི་“ཧྥེང་ཆའོ་ཡི་སྙིང་སྟོབས་”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ལས་བྱེད་པ་གྲོང་པར་སྡོད་པ་དང་དགོན་པར་སྡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དྲ་བ་ཅན་དུ་འགྱུར་བའི་དོ་དམ། “སྔོན་ཐོན་མཉམ་འབྲེལ་ཁྱིམ་ཚང་”གསར་སྐྲུན་དང་དཔྱད་འདེམས་བྱེད་པའི་ལས་དོན་སོགས་ཇེ་ཟབ་བཏང་སྟེ། མུ་མཐུད་དུ་སྤྱི་ཚོགས་བཅོས་སྐྱོང་ནི་“ང་ལ་བརྟན་བརླིང་བྱེད་དགོས་”ཟེར་བ་ནས་“ངས་བརྟན་བརླིང་བྱེད་རྒྱུ་ ཡིན་”ཟེར་བར་འགྱུར་ལྡོག་བྱུང་ཡོད།

གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་དགོས། འཕེལ་རྒྱས་གསར་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཏན་ཏན་ཏིག་ཏིག་གིས་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། “བརྟན་པོ་དྲུག་”གི་བླང་བྱ་དོན་འཁྱོལ་བྱེད་པ། སྒྱུར་བཅོས་ཇེ་ཟབ་སྤེལ་བ། སྒོ་འབྱེད་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས། ནུས་ཤུགས་ཆེན་པོས་ཞང་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ས་ཁོངས་མཐུན་འགྲིག་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ནས། རྒྱུད་མཐུད་དུ་གལ་ཆེའི་ཉེན་ཁ་སྔོན་འགོག་དང་ཐག་གཅོད་གཏོང་བ་དང་། གནད་འཕིགས་དབུལ་སྒྲོལ། འབག་བཙོག་འགོག་བཅོས་བཅས་མཁྲེགས་གཏོར་གྱི་དམག་འཐབ་ཆེན་པོ་གསུམ་ལེགས་པོ་རྒྱག་དགོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཁྱད་ཆོས་ལྡན་པའི་དགེ་མཚན་ཐོན་ལས་ལེགས་པོ་སྒྲུབ་པ་དང་རྒྱ་ཆེར་སྒྲུབ་སྟེ། གཅིག་གྱུར་སྒོས་ཡོང་སྤར་བརྟན་པོ་དང་། སྒྱུར་བཅོས་སྐུལ་སྤེལ། གྲུབ་ཚུལ་ལེགས་སྒྲིག དམངས་འཚོར་ཕན་སྒྲུབ། ཉེན་ཁ་སྔོན་འགོག་བཅས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་བ་དང་། གཅིག་གྱུར་སྒོས་ཉེ་ཆར་མང་ཚོགས་ཀྱི་ཡོང་སྤར་དང་དབུལ་སྒྲོལ་མཁྲེགས་གཏོར་ལ་ནུས་པ་ཐོན་པའི་དུས་ཚོད་ཐུང་བ་དང་ཕན་འབྲས་ཆེ་བའི་དམངས་ཕྱུག་ཐོན་ལས་དང་ཡུན་རིང་པོའི་ནང་དཔལ་འབྱོར་འཕེལ་རྒྱས་ལ་རོགས་འདེགས་ཀྱི་ནུས་པ་ཐོན་པའི་འཐབ་ཇུས་རང་བཞིན་གྱི་ཐོན་ལས་ཇུས་འགོད་ལེགས་པོ་བྱེད་དགོས། མཐའ་དར་དམངས་ཕྱུག་གི་ཚད་ཤུགས་ཆེར་གཏོང་བ་དང་། མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་སྡེའི་འཛུགས་སྐྲུན་གོམ་སྟབས་མགྱོགས་སུ་གཏོང་བ། སྔར་ལས་མང་བའི་མང་ཚོགས་ལ་སྐལ་བཟང་མེ་ཏོག་དང་འདྲ་བར་གངས་ལྗོངས་ཀྱི་མཐའ་རུ་གཞི་ཚུགས་པ་དང་། མཐའ་མཚམས་བརྟན་པོ་སྲུང་བའི་སྐུལ་མ་གཏོང་དགོས།

གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་གཏོང་དགོས། མི་དམངས་ལྟེ་བ་རུ་འཛིན་པའི་འཕེལ་རྒྱས་ཀྱི་ལྟ་བ་རྒྱུན་འཁྱོངས་དང་། དམངས་འཚོའི་ཁྲིད་སྟོན་བརྟན་པོ་འཛུགས་པ། དཀའ་ངལ་དང་དཀའ་ཁག་དེ་སྲིད་གཞུང་གིས་ཐག་གཅོད་གཏོང་རྒྱུ་དང་། སྟབས་བདེ་དང་ཕན་ཆེ་དེ་མང་ཚོགས་ལ་སྤྲོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལས་དོན་ཡོད་ཚད་དེ་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་འདྲིལ་ཕྱོགས་སུ་ཤུགས་བསྒྲིལ་བ་དང་། ཏན་ཏིག་སྒོས་ལས་ཞུགས་དང་སློབ་གསོ། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་བཅས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱས་པ་དང་ཆེས་ཐད་ཀ་ཡིན་པ། ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་ལེགས་པོ་བཏང་ཐོག མུ་མཐུད་དུ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་དང་བདེ་སྣང་བཅས་མཐོར་འདེགས་གཏོང་དགོས། གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་སྒྲོལ་གྱི་གཞི་རྩའི་བྱེད་ཐབས་རྒྱུན་འཁྱོངས་དང་། ཁྱད་པར་ཅན་གྱི་དབུལ་སྐྱོར་སྲིད་ཇུས་ལག་བསྟར་བྱས་ཏེ། མུ་མཐུད་དུ་དབུལ་ཕོངས་ས་གནས་ཀྱི་རང་ཉིད་འཕེལ་རྒྱས་ནུས་པ་ཇེ་མཐོར་གཏོང་བ་དང་། དབུལ་ཕོངས་མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་སྐུལ་སློང་གང་ལེགས་གཏོང་བ། ལྷག་ཡོད་པའི་ཧ་ཅང་དབུལ་ཕོངས་ཀྱི་རྫོང་19དང་དབུལ་ཕོངས་མི་འབོར་ཁྲི་15ལ་ཚགས་དམ་པོས་གཞིགས་ནས་དབུལ་སྒྲོལ་མཁྲེགས་གཏོར་བྱེད་ཚད་ཤུགས་ཆེར་གཏོང་བ་དང་། མཐའ་གཅིག་ཏུ་ཧ་ཅང་དབུལ་ཕོངས་ཡིན་པའི་ས་གནས་ཀྱི་དབུལ་སྒྲོལ་མཁྲེགས་གཏོར་གྱི་“རུས་པ་སྲ་མོ་”འདི་འབྲད་དགོས། དབུལ་སྒྲོལ་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་ལེགས་འགྲུབ་ཡོང་རྗེས་ཀྱི་ལས་དོན་ཐབས་ཤེས་ཇུས་འགོད་ནན་མོ་བྱས་ནས་སླར་ཡང་དབུལ་ཕོངས་སུ་མི་འགྱུར་བར་ཁག་ཐེག་བྱེད་དགོས། ལས་ཞུགས་དེ་སྔོན་དུ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་རྒྱུན་འཁྱོངས་དང་། སྔར་ལས་མང་བའི་སློབ་ཆེན་གྱི་མཐའ་ཕྱིན་སློབ་མར་ཚོང་ར་བརྒྱུད་ནས་ལས་ཞུགས་དང་ནང་ཁུལ་དུ་ལས་ཞུགས་ཡོང་བར་སྐུལ་སློང་གཏོང་དགོས།

གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་མི་རིགས་ཀྱི་ཆོས་ལུགས་སྲིད་ཇུས་ལག་བསྟར་བྱེད་དགོས། མི་རིགས་ས་ཁོངས་ཀྱི་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་། ཁྲིམས་ལྟར་མི་རིགས་དོན་དག་ཐག་གཅོད་བྱེད་པ། གཏིང་ཟབ་མོའི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་ལས་འགུལ་ཇེ་ཟབ་སྤེལ་ནས། གོམ་གང་མདུན་སྤོས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པ་དང་། ཀྲུང་ཧྭའི་རིག་གནས་དེ་ཐོག་མཐའ་བར་གསུམ་དུ་བོད་ལྗོངས་མི་རིགས་ཁག་གི་བརྩེ་དུང་གི་རྒྱབ་རྟེན་དང་སེམས་ཁམས་ཀྱི་བདག་ཉིད། བསམ་པའི་ཁྱིམ་གཞིས་སུ་འགྱུར་བར་བྱེད་དགོས། བོད་ལྗོངས་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭ་རིག་གནས་ཀྱི་ཁ་བྲལ་མི་རུང་བའི་གྲུབ་ཆ་ཞིག་ཡིན་པའི་བསམ་བློ་ནི་མང་ཚོགས་ཀྱི་སེམས་ནང་དུ་གཏིང་ཟབ་མོ་ཟུག་ཡོད། སྲུང་རེས་རོགས་རེས་དང་སྒོ་འབྱེད་བཟོད་སྒོམ་རྒྱུན་འཁྱོངས་དང་། མུ་མཐུད་དུ་ལྷུ་ལག་ཚང་བའི་ཕན་ཆེའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ། རྨོ་གསོ་དུད་ཚང་ཆེན་མོ་དང་ཕྱུག་འགྱུར་འཇོན་མི་དང་རྨོ་གསོ་ཁེ་ལས་ནང་འདྲེན་བྱེད་ཚད་ཤུགས་ཆེར་གཏོང་བ། ལག་རྩལ་ལྡན་པའི་ནང་ཁུལ་གྱི་མང་ཚོགས་དང་ས་གནས་ཀྱི་མང་ཚོགས་ཆ་བསྒྲིགས་ནས་གོམ་གང་མདུན་སྤོས་ཀྱིས་མི་རིགས་ཁག་ཕན་ཚུན་བར་འགྲོ་འོང་དང་བརྗེ་རེས་དང་འདྲེས་རེས་བཅས་ལ་སྐུལ་འདེད་གཏོང་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། རྒྱུད་མཐུད་དུ་“ཁྲིད་”ཅེས་པའི་ཐོག་འབད་འབུངས་བྱས་ཏེ། ཁྲིམས་ལྟར་ཆོས་ལུགས་བྱ་གཞག་ལ་དོ་དམ་བྱེད་པ་དང་། ཆོས་དད་མང་ཚོགས་ལ་ཀླད་པ་དྭངས་མོའི་སྒོ་ནས་ཆོས་ལུགས་ལ་ལྟ་སྟངས་འཛིན་པར་སློབ་གསོ་དང་ཁྲིད་སྟོན་བྱེད་པ། མིག་སྔར་གྱི་བདེ་སྐྱིད་ཡག་པོ་རོལ་བ་དང་། ཡུན་རིང་པོའི་ནང་རྒྱུན་འཁྱོངས་དང་གོམས་གཤིས་སུ་ཆགས་པ། ཧུར་ཐག་སྒོས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཕན་ཚུན་བར་འཕྲོད་པའི་ཁྲིད་སྟོན་བྱེད་དགོས།

གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། རི་གཙང་མ་དང་ཆུ་དྭངས་མོ། རི་ཀླུང་ཁ་བས་གཡོགས་པ་ནི་གསེར་རི་དང་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་ཚུགས་པ་དང་། ནུས་ཤུགས་ཆེན་པོས་རྒྱལ་ས་ལྗང་སྒྱུར་ལས་གྲྭ་ལག་ལེན་བསྟར་བ། མུ་མཐུད་དུ་ཆ་རྐྱེན་ཡོད་པའི་ས་གནས་སུ་“ཤིང་སྡོང་མེད་པའི་དུད་ཚང་”མེད་པར་བཟོ་པའི་ལས་འགུལ་ལ་སྐུལ་འདེད་གཏོང་དགོས། གཏིང་ཟབ་མོའི་སྒོ་ནས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་བཅོས་གཏོང་བ་དང་། ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བ། སྐྱེ་ཁམས་དམར་ཐིག་སྲུང་ཐག་ནན་མོ་སྲུང་བ། མི་དམངས་མང་ཚོགས་དང་བུ་ཚ་བུ་རབས་ལ་འགན་འཁུར་ཚད་མཐོའི་རྣམ་འགྱུར་གྱིས་འཛམ་གླིང་ཐོག་གི་ཆེས་མཐའ་མའི་ས་གཙང་མ་ཞིག་ལྟ་སྐྱོང་ནན་ཏན་བྱེད་དགོས།

གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། བོད་ལྗོངས་རྒྱ་མཚོའི་ངོས་ལས་མཐོ་ཚད་མཐོ་ཡང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ལག་ལེན་བསྟར་བའི་ཚད་གཞི་དེ་ལས་མཐོ་བ་བརྟན་པོ་འཛུགས་པ་དང་། བོད་ལྗོངས་ཀྱི་ཕྱི་ཡུལ་ཆ་རྐྱེན་དམིགས་བསལ་ཡིན་ཡང་ཏང་ནན་མོ་སྐྱོང་བ་དང་རུལ་རྒོལ་གཙང་སྤེལ་ལ་གང་ཡང་རུང་བའི་དམིགས་བསལ་གྱི་རང་བཞིན་མེད་པ་བརྟན་པོ་འཛུགས་པ། བོད་ལྗོངས་སུ་དབྱང་རླུང་མི་འདང་བ་དང་རླུང་གནོན་དམའ་ཡང་ཕུགས་བསམ་གྱི་འདུ་ཤེས་བརྟན་པོ་དང་ཏང་གི་སྒྲིག་ཁྲིམས་ལག་ལེན་བསྟར་བའི་ཚད་གཞི་དམའ་མི་རུང་བའི་བསམ་བློ་བརྟན་པོ་འཛུགས་ནས། ཏང་གི་འཛུགས་སྐྲུན་གཏིང་ཟབ་ཏུ་འཕེལ་རྒྱས་ཕྱིན་པར་སྐུལ་འདེད་གཏོང་དགོས། ཆབ་སྲིད་འཛུགས་སྐྲུན་འབུར་དུ་ཐོན་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཀླད་པར་དྲག་ཆས་སྤྲས་པ་རྒྱུན་འཁྱོངས་བྱེད་དགོས། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྒྲིག་ཁྲིམས་ནན་མོར་གཏོང་བ་དང་། ཏང་ཡོན་ལས་བྱེད་པ་ཡིན་མིན་ཆེན་པོའི་མདུན་དུ་ནམ་ཡང་དར་ཆ་གསལ་སྒྲེང་དང་ལངས་ཕྱོགས་བརྟན་པོ། བྱ་སྤྱོད་གཙང་གཅོད་ཡིན་པ་ཁག་ཐེག་བྱེད་དགོས། ཕུགས་བསམ་གྱི་འདུ་ཤེས་བརྟན་པོ་དང་། ནུས་ཤུགས་ཆེན་པོས་“བོད་ལྗོངས་རྒན་པའི་སྙིང་སྟོབས་”དང་“ལམ་གཉིས་སྙིང་སྟོབས་”དར་སྤེལ་བཏང་སྟེ། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་བརླིང་ཡོང་དགོས་པའི་ལག་ལེན་དངོས་ཐོག་ནས་ཏང་ལ་སེམས་པ་དཀར་ཞིང་རྒྱལ་ཁབ་ལ་འགན་འཁྲི་སྒྲུབ་པ། མི་དམངས་ལ་འགན་འཁུར་བ་བཅས་གསལ་འགྲེལ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཏོན་པའི་དུས་རབས་གསར་པའི་ཡིག་འབྲུ་20ཅན་གྱི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་“ཁྱད་པར་གསུམ་”གྱི་བླང་བྱ་རྒྱུན་འཁྱོངས་བྱས་ནས། ཕུལ་དུ་བྱུང་བའི་ན་གཞོན་ལས་བྱེད་པ་གདམ་གསེས་བྱེད་ཚད་རྒྱ་ཆེར་གཏོང་བ་དང་། མུ་མཐུད་དུ་རིམ་པ་སོ་སོའི་འགོ་ཁྲིད་ཚན་སྡེབ་དང་ལས་བྱེད་དཔུང་ཁག་གི་གྲུབ་ཚུལ་ལེགས་སུ་གཏོང་དགོས། གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྲུན་ནན་འཛིན་བྱས་ནས། ཏང་གི་ཁ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པ། མཐུན་སྒྲིལ་ལ་མཁས་པ། འཕེལ་རྒྱས་གཏོང་མཁས་པ། ཕྱུག་པོར་བསྒྱུར་ཐུབ་པ། བརྟན་བརླིང་སྲུང་ཐུབ་པ། དོན་དང་འཕྲད་ཚེ་རིག་པ་གསལ་བ། འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པ་བཅས་སྲ་བརྟན་གྱི་འཐབ་རྩོད་བཙན་རྫོང་འཛུགས་རྒྱུ་ལག་འཇུ་རུ་བཟུང་སྟེ་མུ་མཐུད་དུ་གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ནམ་ཡང་ལམ་ཐོག་ཏུ་ཡོད་པའི་འབད་བརྩོན་ལ་བརྟེན་ནས་སྤྱོད་སྲོལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། གོམ་གང་མདུན་སྤོས་ཀྱིས་གངས་ཅན་ལྗོངས་ཀྱི་སྲོལ་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་བསྐྲུན་དགོས།

བློ་བཟང་ལྷ་མོས་བསྒྱུར།