དམངས་གཙོའི་ཏང་ཤོག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས“མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི”བརྗོད་དོན་སློབ་གསོའི་བྱེད་སྒོའི་སྐུལ་སློང་ཚོགས་ཆེན་འཚོགས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ8པའི་ཚེས14ཉིན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུས་དམངས་གཙོ་ཏང་ཤོག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས“མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར་ལག་གདང་སྦྲེལ་ནས་མུ་མཐུད་མདུན་སྐྱོད་པའི”བརྗོད་དོན་སློབ་གསོའི་བྱེད་སྒོའི་སྐུལ་སློང་ཚོགས་ཆེན་འཚོགས་པ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནང་བ་རེད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། དམངས་གཙོའི་མནའ་མཐུན་ཚོགས་པའི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དགུ་གསུམ་སློབ་ཚོགས་ཀྱི་ཞིང་ཆེན་ཏང་ཨུ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་རེད།

ཚང་མས་མགྲིན་གཅིག་ཏུ་ངོས་འཛིན་བྱས་དོན། “མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི”བརྗོད་དོན་སློབ་གསོའི་བྱེད་སྒོ་སྤེལ་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཤོག་ལ་དྲག་ཆས་སྤྲས་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་དང་། དུས་རབས་གསར་པའི་བྱང་ཚད་མཐོ་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་འཛུགས་སྐྱོང་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག ཏང་ཤོག་གི་ཁོངས་མིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུར་ཁྲིད་སྟོན་དང་ཏང་མང་མཉམ་ལས་ཀྱི་ཐུན་མོང་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་བཅས་རེད། ཚང་མས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་། ཏན་ཏིག་གི་ལས་ཀའི་སྤྱོད་ཚུལ། འགན་འཁྲི་འཁུར་སེམས་བཅས་ཀྱི་ཐོག་ནས་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་ཡག་པོ་སྤེལ་རྒྱུ་ཡིན་པ་བསྟན།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། དམངས་གཙོའི་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་བརྗོད་དོན་སློབ་གསོའི་བྱེད་སྒོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏང་བ། བྱེད་སྒོའི་ཞིབ་ཕྲའི་དམིགས་ཚད་ལས་འགན་དང་བྱ་བའི་རྩ་དོན་ཁོང་དུ་ཡང་དག་ཆུད་པར་བྱེད་པ། སློབ་སྦྱོང་དང་ལག་ལེན་ཟུང་འབྲེལ་དང་ཞིབ་བཤེར་དང་བཅོས་སྒྲིག་མཐིལ་རྟོགས་བྱེད་པ། བྱེད་སྒོའི་ལག་ལེན་རང་བཞིན་མངོན་གསལ་དོད་པོ་ཡོང་བ་བཅས་བྱས་ནས་སློབ་སྦྱོང་སློབ་གསོ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱས་ཏེ། བརྗོད་དོན་སློབ་གསོའི་བྱེད་སྒོ་སྤེལ་རྒྱུར་སྐུལ་འདེད་ཏན་ཏིག་གཏང་དགོས། འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་གྱིས་ཁྲིད་སྟོན་དང་། སྐུལ་འདེད། མཐུན་སྦྱོར། འགན་ལེན། རྒྱབ་སྐྱོར་བཅས་ཀྱི་བྱ་བ་ཡག་པོ་བསྒྲུབས་ནས་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོར་ཕྱོགས་ལྷུང་མེད་པ་དང་བརྗོད་གཞི་ལས་མི་བརྒལ་བའི་འགན་ལེན་བྱས་ཏེ། བྱེད་སྒོའི་ཁྲོད་གནས་པའི་དངོས་ཡོད་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་རོགས་དང་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏང་དགོས་ཞེས་བསྟན།

ལོ་ཙཱ་བ། གཡང་སྐྱིད།