མཚོ་སྔོན་གྱིས་ས་ཞིང་བདག་བཟུང་ཁྲལ་དངུལ་དངོས་སུ་ལག་བསྟར་བྱ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། གསར་འགོད་པས་རྒྱལ་ཁབ་དཔྱ་ཁྲལ་སྤྱི་ཁྱབ་ཅུའུ་མཚོ་སྔོན་དཔྱ་ཁྲལ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས13པ་ལས་གྲོས་འཆམ་བྱུང་བ་ལྟར། 2019ལོའི་ཟླ9པའི་ཚེས1ཉིན་ནས་བཟུང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ས་ཞིང་བདག་བཟུང་ཁྲལ་སྡུད་བཅའ་ཁྲིམས》དངོས་སུ་ལག་བསྟར་བྱས་ཏེ། མཚོ་སྔོན་གྱིས་ས་ཞིང་བདག་བཟུང་དཔྱ་ཁྲལ་ཚད་གཞི་གསར་པ་ལག་བསྟར་བྱ་རྒྱུ་རེད།

ཐེངས་འདིར་དཔྱ་ཁྲལ་བཅའ་ཁྲིམས་གཏན་འབེབས་གཞིར་བཟུང་སྟེ། 《ས་ཞིང་བདག་བཟུང་ཁྲལ་སྡུད་བཅའ་ཁྲིམས》དོན་ཚན་བཞི་པ་དང་ལྔ་པ། བཅུ་གཉིས་པའི་གཏན་འབེབས་ལྟར། ས་ཞིང་བདག་བཟུང་དཔྱ་ཁྲལ་གྱི་ཁྲལ་དངུལ་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་བཏོན་ཏེ། རིམ་པ་འདྲ་བའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐག་གཅོད་བྱེད་པར་སྙན་སེང་བྱ་དགོས་པ་མ་ཟད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་བྱས་ཏེ་ཡིག་ཚགས་ཐོ་འགོད་བྱ་དགོས་པ་རེད།

མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་མི་རེའི་ཆ་སྙོམས་ས་ཞིང་གི་རྒྱ་ཁྱོན་དང་ཐོན་སྐྱེད་རིན་ཐང་བསྡོམས་འབོར། དཔལ་འབྱོར་འཕེལ་རྒྱས་གནས་ཚུལ། ནོར་སྲིད་ཡོང་འབབ་དང་ཁྲལ་བསྡུ་སྲིད་ཇུས་སོགས་གཞིར་བཟུང་སྟེ། མཚོ་སྔོན་གྱི་ས་ཞིང་བདག་བཟུང་དཔྱ་ཁྲལ་གྱི་ཁྲལ་དངུལ་གསལ་པོར་བཟོས་པ་རེད། ད་ལྟ་སྤྱོད་བཞིན་པའི་ཆུ་ཞིང་དང་རི་མགོའི་སྐམ་སའི་ས་ཞིང་གི་དཔྱ་ཁྲལ་ཚད་གཞི་གཅིག་གྱུར་སྒོས་ས་ཞིང་གི་དཔྱ་ཁྲལ་ཚད་གཞི་ལྟར་འཛིན་རྒྱུ། རྫོང་དང་རང་སྐྱོང་རྫོང་། རང་སྐྱོང་ལྗོངས་བཙུགས་མེད་པའི་གྲོང་ཁྱེར། གྲོང་ཁྱེར་ཁོངས་གཏོགས་ཀྱི་ས་ཁུལ་བཅས་ཀྱི་དཔྱ་ཁྲལ་ཚད་གཞི་ནི། མི་རེའི་ཆ་སྙོམས་ཀྱི་ས་ཞིང་མུའུ་གཅིག་ལས་བརྒལ་མེད་པའི་ས་ཁུལ་གྱི་དཔྱ་ཁྲལ་ཚད་གཞི་སྨི་གྲུ་མ་རེར་སྒོར25། མི་རེའི་ཆ་སྙོམས་ཀྱི་ས་ཞིང་མུའུ་གཉིས་ལས་བརྒལ་མེད་པའི་ས་ཁུལ་གྱི་དཔྱ་ཁྲལ་ཚད་གཞི་སྨི་གྲུ་མ་རེར་སྒོར20། མི་རེའི་ཆ་སྙོམས་ཀྱི་ས་ཞིང་མུའུ་གསུམ་ལས་བརྒལ་མེད་པའི་ས་ཁུལ་གྱི་དཔྱ་ཁྲལ་ཚད་གཞི་སྨི་གྲུ་མ་རེར་སྒོར15། མི་རེའི་ཆ་སྙོམས་ཀྱི་ས་ཞིང་མུའུ་གསུམ་ལས་བརྒལ་བའི་ས་ཁུལ་གྱི་དཔྱ་ཁྲལ་ཚད་གཞི་སྨི་གྲུ་མ་རེར་སྒོར10ཡིན་པ་རེད།

《ས་ཞིང་བདག་བཟུང་ཁྲལ་སྡུད་བཅའ་ཁྲིམས》ལ་དམིགས་གསལ་གནས་ཚུལ་ཅན་གྱི་ཁྲལ་དངུལ་ལེགས་སྒྲིག་བྱེད་པའི་དབང་ཆ་ལྡན་ཞིང་། 《ས་ཞིང་བདག་བཟུང་ཁྲལ་སྡུད་བཅའ་ཁྲིམས》དོན་ཚན་ལྔ་པ་ལས“མི་རེའི་ཆ་སྙོམས་ཀྱི་ས་ཞིང་མུའུ0.5ལས་དམའ་བའི་ས་ཁུལ་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་གྱིས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་གནས་ཚུལ་གཞིར་བཟུང་སྟེ། ས་ཞིང་གི་དཔྱ་ཁྲལ་དངུལ་འོས་འཚམ་གྱིས་ཇེ་མཐོར་བཏང་ཆོག ” ཞེས་བསྟན་ཡོད་པས། མི་རེའི་ཆ་སྙོམས་ཀྱི་ས་ཞིང་མུའུ0.5ལས་དམའ་བའི་ཟི་ལིང་གྲོང་ཁྱེར་མངའ་འོག་གི་མགོ་ལོག་ཁུལ་གྱི་རྫོང་སོ་སོ་དང་ཡུལ་ཤུལ་ཁུལ། རྨ་ལྷོ་ཁུལ། མཚོ་ནུབ་ཁུལ་གྱི་གྲོང་ཁྱེར་དང་རྫོང་ཁ་ཤས་ཀྱི་ས་ཞིང་། ས་གནས་དེ་གའི་སྤྱོད་བཞིན་པའི་ཁྲལ་དངུལ་གྱི40%སྟེང་ས་ཞིང་བདག་བཟུང་དཔྱ་ཁྲལ་བསྡུ་ཆོག་པ་གསལ་བོར་བསྟན་ཡོད།

《ས་ཞིང་བདག་བཟུང་ཁྲལ་སྡུད་བཅའ་ཁྲིམས》དོན་ཚན་བཅུ་གཉིས་ལས། བདག་བཟུང་བྱས་པའི་སྐྱེལ་ཚལ་དང་ནགས་ར། རྩྭ་ས། ཞིང་ལས་ཆུ་བེད་ས་ཞིང་། ཉ་ལས་གསོ་སྤེལ་སོགས་ཞིང་ལས་ཐད་སྤྱོད་པའི་བཟོ་སྐྲུན་དང་ཞིང་ལས་མ་ཡིན་པའི་བཟོ་སྐྲུན་ལ། ས་གནས་དེ་གའི་ས་ཞིང་གི་ཁྲལ་དངུལ་ཚད་གཞི་ལས47-50%ཇེ་དམའ་རུ་བཏང་སྟེ་ས་ཞིང་བདག་བཟུང་དཔྱ་ཁྲལ་བསྡུ་དགོས་པ་གསལ་བོར་བསྟན་ཡོད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།