ཚེ་སྲོག་ལ་གཅེས་སྤྲས་བྱེད་པའི་སྐོར། 8

(ལེ་ཚན་གོང་མའི་འཕྲོས་མཐུད།)

ཚེ་སྲོག་ལ་གཅེས་སྤྲས་བྱས་ཏེ་ཨེ་ཙིའི་ནད་དང་རིང་དུ་གྱེས་པ།

ཨེ་ཙིའི་ནད་ངོ་སྤྲོད།

ཨེ་ཙིའི་ནད(AIDS)ནི་འགོས་ནད་ཚབས་ཆེན་གྱི་རིགས་ཤིག་ཡིན་ལ། ད་ལྟའི་ཆར་ད་རུང་ནུས་ཆོད་ཀྱི་རིམས་འགོག་དང་བཅོས་སྐྱོང་ཐུབ་པའི་སྨན་རྫས་མེད་མོད་འོན་ཀྱང་དེ་སྔོན་འགོག་བྱེད་ཐུབ།

ཨེ་ཙིའི་ནད་ཀྱི་ནད་རྟགས།

ཨེ་ཙིའི་ནད་ཀྱི་ནད་དུག(HIV)ཕོགས་པའི་མི་ལ་ཨེ་ཙི་ནད་ཀྱི་ནད་དུག་འགོས་ནད་མཁན་ཡིན་ཞིང་། ཕྱིའི་རྣམ་པའི་ཆ་ནི་བདེ་ཐང་གི་མི་དང་གཅིག་མཚུངས་ཡིན་པས། བྱ་བ་དང་སློབ་སྦྱོང་སོགས་ལ་རྒྱུན་ལྡན་གྱིས་ཞུགས་ཐུབ། འོན་ཀྱང་འགོས་ནད་རང་བཞིན་ཧ་ཅང་ཆེ། དེ་ཡང་ནད་དུག་དེས་མིའི་ལུས་ཀྱི་རིམས་འགོག་ནུས་པ་ལ་གནོད་འཚེ་ངེས་ཅན་ཞིག་ཐེབས་པ་ན། དེ་ལ་ཨེ་ཙི་ནད་འགོས་པའི་ནད་པ་ཟེར། དུས་ཡུན་རིང་བོར་ལུས་ཀྱི་དྲོད་ཉམས་པ་དང་ལུས་པོའི་ལྗིད་ཚད་ཇེ་ཡང་དུ་འགྲོ་བ། དལ་བའི་རང་བཞིན་གྱི་ཁོག་པ་བཤལ་པ། གློ་ལུ་བྱེད་པ། སྐྱི་ལྤགས་ལ་ཟ་འཕྲུག་ལངས་པ་སོགས་ཀྱི་ནད་རྟགས་ཡོད་པས། དུས་ལྟར་སྨན་བཅོས་བྱས་ཏེ་འགོས་ཁྱབ་ཇེ་ཉུང་དང་ཚེ་ཐག་ཇེ་རིང་ལ་གཏོང་དགོས།

ཨེ་ཙི་ནད་འགོས་ཁྱབ་བྱེད་པར་བརྒྱུད་རིམ་མི་འདྲ་བ་གསུམ་ཡོད་པ།

འཁྲིག་སྤྱོད་ལས་འགོས་པ། ཨེ་ཙི་ནད་ཀྱི་ནད་དུག་དེ་འཁྲིག་སྤྱོད་ཀྱི་རྣམ་པ་ལས་ཕོ་མོའི་བར་ལ་འགོས་ཁྱབ་བྱུང་བཞིན་ཡོད། འཁྲིག་སྤྱོད་བྱེད་ཡུལ་ཇི་ལྟར་མང་ན་འགོས་ཁྱབ་ཀྱི་ཉེན་ཁ་དེ་ལྟར་ཆེ་བ་རེད།

ཁྲག་རྒྱུན་ལས་འགོས་པ། སྤྱི་སྤྱོད་སྨན་ཁབ་རྒྱག་སྤྱད་ཀྱིས་དུག་འཐེན་པ་དང་ཁྲིམས་འགལ་གྱི་ཁྲག་ལེན་ས་ཚིགས་སུ་སོང་ནས་ཁྲག་བཙོངས་པ། ཨེ་ཙིའི་ནད་དུག་ཅན་གྱི་ཟུངས་ཁྲག་དང་ཁྲག་བཟོས་སྨན་བརྒྱབ་པ། དུག་སེལ་ནན་མོ་བྱས་མེད་པའི་སྨན་ཁབ་ཡོ་ཆས་དང་སྣོད་ཆས་སོགས་ལས་ཀྱང་ཕལ་ཆེར་འགོ་སྲིད།

མ་བུའི་བར་དུ་འགོས་པ། ཨེ་ཙིའི་ནད་དུག་ཕོགས་པའི་བུད་མེད་དག་ལ་མངལ་སྦྲུམ་པ་དང་ཕྲུ་གུ་སྐྱེ་བ། ཕྲུ་གུར་ནུ་མ་བསྣུན་པ་སོགས་ཀྱི་སྐབས་སུ་ནད་དུག་དེ་ཁྱེའུ་དང་ཕྲུ་གུ་ལ་འགོ་སྲིད།

ཨེ་ཙིའི་ནད་དུག་དེ་གཤམ་གསལ་གྱི་བརྒྱུད་རིམ་ལས་ཕན་ཚུན་བར་ལ་འགོ་མི་སྲིད།

ལག་འཇུ་དང་པང་འཁྱུད། གློ་ལུ། སྣ་སྦྲིད་བྱེད་པ།

མཉམ་དུ་ངལ་རྩོལ་བྱེད་པ་དང་མཉམ་དུ་ཆུར་རྐྱལ་བ། མཉམ་དུ་ཁྲུས་བྱེད་པ། འབུ་སྲིན་གྱིས་སོ་འདེབས་པ།

སྤྱི་སྤྱོད་ངལ་རྩོལ་ཡོ་བྱད་དང་སྤྱི་སྤྱོད་དངུལ་ལོར། སྤྱི་སྤྱོད་སློབ་ཆས། སྤྱི་སྤྱོད་དཀར་ཡོལ་དང་ཐུར་མ། སྤྱི་སྤྱོད་སྤྱོད་ཁང་། སྤྱི་སྤྱོད་ཁ་པར། སྤྱི་སྤྱོད་མལ་གདན།

རང་ཉིད་དང་ཁྱིམ་མི་ལ་གཅེས་སྐྱོང་བྱེད་དགོས།

བཟའ་ཚང་ཕན་ཚུན་བར་དུ་ཕན་ཚུན་ལ་བློ་གཏད་བྱེད་དགོས། ཁྱིམ་ཚང་དང་ཁ་བྲལ་ཏེ་ཕྱི་རོལ་དུ་ཞོར་ལས་ལ་འགྲོ་དུས། གཞན་ཡུལ་དུ་འཁྲིག་སྤྱོད་འབྲེལ་བ་ལ་གཞོལ་དགོས་ཤིང་། ཨེ་ཙི་ནད་ཕོགས་པའི་ནད་པ་ལ་འཁྲིག་སྤྱོད་བྱེད་པའི་ཉེན་ཁ་ཇེ་ཉུང་དུ་གཏོང་དགོས།

འཁྲིག་སྤྱོད་འཚོ་བ་ལ་སྦྲུམ་འགོག་ཞྭ་མོ་གྱོན་ནས་མངལ་སྦྲུམ་པ་དང་ནད་དུག་ལ་འགོག་སྲུང་བྱེད་དགོས།

ཨ་ལོང་དང་སྦྲུམ་མདུད་སོགས་ཀྱི་སྦྲུམ་འགོག་གིས་རིམས་ནད་འདྲ་མིན་དང་ཨེ་ཙིའི་ནད་སྔོན་འགོག་བྱེད་མི་ཐུབ།

བུད་མེད་གཉན་ཚད་ཅན་ལ་འཁྲིག་སྤྱོད་བྱེད་པར་དོགས་ཟོན་དང་མི་སྒེར་གྱི་གཙང་སྦྲ་ལ་མཉམ་འཇོག་བྱེད་དགོས། གལ་ཏེ་ལུས་པོར་མི་བདེ་པའི་ཚོར་བ་ཡོད་ན་མྱུར་དུ་སྨན་ཁང་ཚད་ལྡན་ལ་སོང་ནས་སྨན་བཅོས་མཐར་ཕྱིན་པ་ཞིག་བྱེད་དགོས།

བྱིས་པ་ལ་དུ་བ་མི་འཐེན་པ་དང་རྒྱན་ལྐུགས་མི་རུང་པའི་སློབ་གསོ་བཏང་སྟེ། གྲོགས་པོ་བསྒྲིགས་པ་ལ་མཉམ་འཇོག་བྱས་ནས་མི་ལེགས་པའི་བསླུ་བྲིད་དང་ལེན་མི་བྱེད་པ།

སྨན་ཁབ་རྒྱག་པ་སོགས་ལ་གཅིག་སྤྱོད་རང་བཞིན་དང་དུག་སེལ་ནན་མོ་བྱས་པའི་ཁབ་ཆས་སྤྱོད་དུ་འཇུག་དགོས་ཤིང་། ཁྲག་རྒྱག་པ་ལ་ཡང་ཞིབ་བཤེར་ཚད་ལེན་བྱས་པའི་ཟུངས་ཁྲག་ཚད་ལྡན་ཡིན་དགོས།

ཨེ་ཙིའི་ནད་ཕོགས་པའི་བུད་མེད་དག་གིས་རབས་ཡིན་ན་མངལ་སྦྲུམ་དུ་མ་བཅུག་ན་ལེགས། གལ་ཏེ་བྱིས་པ་དགོས་ན་ངེས་པར་དུ་སྨན་པའི་མཛུབ་སྟོན་འོག་སྨན་རྫས་ཀྱི་རོགས་འདེགས་ཐོབ་པའི་གཤག་བཅོས་མངལ་ལེན་དང་མིས་རྩོལ་བའི་གཉོར་སྐྱོང་སོགས་གསོ་རིག་གི་བྱེད་ཐབས་སྤྱད་དེ་བྱིས་པ་ལ་ནད་འགོ་བའི་གོ་སྐབས་ཇེ་དམའ་རུ་གཏོང་དགོས། སྲིད་གཞུང་གིས་མ་བུའི་རོགས་འདེགས་སྨན་རྫས་དང་ཁྱེའུ་ཡི་ཚད་ལེན་ཚོད་ལྟ་སོགས་རིན་མེད་སྒོས་འདོན་སྤྲོད་བྱེད་བཞིན་ཡོད་པ་རེད།

གཤམ་གསལ་གྱི་བྱ་སྤྱོད་ལྡན་ན་ཚད་ལེན་ཞིབ་བཤེར་ལ་འདྲི་རྟོག་བྱེད་དུ་འགྲོ་དགོས།

ཨེ་ཙིའི་ནད་དུག་ཅན་གྱི་ནད་པ་མང་སའི་ས་ཁུལ་གྱི་བུད་མེད་སྦྲུམ་མ།

མི་གཞན་གྱི་སྤྱི་སྤྱོད་སྨན་ཁབ་བེད་སྤྱད་ནས་དུག་འཐེན་མཁན།

ཆུང་མ་ལས་གཞན་པ་ལ་ལུས་འབྲེལ་བྱུང་བ་དང་འདུག་རོགས་མང་པ། སྐྱེས་པ་མཚན་མཐུན་གྱི་ལུས་འབྲེལ་བྱ་སྤྱོད་སྤེལ་མཁན་དང་དེའི་སྐྱ་ཡ།

ནམ་རྒྱུན་ཁྲིམས་འགལ་ཁྲག་བསྡུ་ས་ཚུགས་ལ་སོང་ནས་ཁྲག་འཚོང་མཁན།

ཁྲག་གཙང་མ་མིན་པ་བརྒྱབ་མྱོང་བར་དོགས་པ་ཡོད་པ་དང་དུག་སེལ་ནན་མོ་བྱས་མེད་པའི་ཁབ་ཆས་བེད་སྤྱོད་བྱེད་མྱོང་མཁན།

ཨེ་ཙི་ནད་ཀྱི་ནད་དུག་འགོས་ནད་མཁན་དང་ནད་པའི་སྐྱ་ཡ། བུ་ཕྲུག་བཅས་ལ་འཚོ་བའི་ཐད་འབྲེལ་འདྲིས་བྱེད་མྱོང་མཁན།

སྐྱི་པགས་ལ་རྨས་སྐྱོན་ཐེབས་མཁན་གྱིས་ཨེ་ཙིའི་ནད་དུག་ཕོགས་པའི་ཟུངས་ཁྲག་དང་ལུས་པོའི་གཤེར་གཟུགས་ལ་མཉམ་འཇོག་མ་བྱས་པར་རེག་ཐུག་བྱས་པ།

རྫོང་རིམ་པ་ཡན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་འཕྲོད་བསྟེན་སྡེ་ཁག་གིས་གཏན་འབེབས་བྱས་པའི་སྨན་བཅོས་སྒྲིག་འཛུགས་ཀྱིས་ཨེ་ཙི་ནད་པའི་རང་མོས་འདྲི་གཅོད་དང་ལེན་དང་ལུས་པོར་ཞིབ་བཤེར་བྱེད་དགོས། ལུས་པོའི་ཞིབ་བཤེར་དེ་རིན་མེད་དང་གསང་བ་ཡིན།

སྨན་བཅོས་བྱེད་དགོས་པའི་ནད་པ་ལ་སྲིད་གཞུང་གི་འབྲེལ་ཡོད་གཏན་འབེབས་ལྟར་ནད་དུག་འགོག་སྲུང་སྨན་བཅོས་བྱེད་པའི་སྨན་རྫས་རིན་མེད་སྒོས་མཁོ་སྤྲོད་བྱེད་དགོས།

མུ་འགོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།